ན་གཞོན་རྩོམ་པ་པོ་གསེར་དུང་སྙུག་གི་དེབ་གསར 《ཚོར་བའི་དབྱངས》ཐོན་ལ་ཉེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-02   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        དེ་ཡང་ལོ་ན་ཆུང་ཞིང་རིག་པ་གསལ་བའི་ན་གཞོན་རྩོམ་པ་པོ་གསེར་དུང་སྨྱུག་གིས་རང་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་ཕྱི་ནང་གསང་གསུམ་གྱི་ཚོར་བ་མཐའ་དག་ཡི་གེའི་རོལ་རྩེད་ཀྱི་ལམ་ནས་རྣམ་པ་ཚོའི་སྤྱན་ལམ་དུ་བསྟར་ཐུབ་བྱུང་བ་ནི་ཁོང་གིས་མི་ཡུལ་འདིར་བཞག་པའི་ལེགས་སྐྱེས་ཆེས་ཡག་ཤོས་དེ་ཡིན་ལ། ལྷག་ཏུ་བརྡ་འཕྲིན་དུས་རབས་སྟེ་ཤོག་བུ་དང་སྨྱུ་གུ་བོར་བའི་དུས་འདིར་ཁོང་གིས་ད་དུང་རང་གི་ཕུགས་བསམ་དང་ཕ་ཡུལ་གྱི་ཆེད་དུ་འབད་པ་ཤ་ཐང་བསྐྱེད་དེ་སེམས་ཀྱི་ཚོར་བ་དང་ལུས་ཀྱི་མྱོང་བ་མཐའ་དག་དཔེ་དེབ་ཀྱི་ཚུལ་དུ་བསྐྲུན་ནས་ཕ་ཡུལ་བ་དང་རྗེས་རབས་པར་ཞིབ་འཇུག་གི་བགོ་སྐལ་དུ་གནང་བ་འདི་ཡང་ང་ཚོས་ཅིས་ཀྱང་སྣང་མེད་དུ་འཇོག་མི་རིགས་སོ།། ད་ཐེངས་ཡང་ཁོང་གི་སྒེར་དེབ་གཉིས་པ་ཚོར་བའི་དབྱངས་ཞེས་པའི་སྙན་དེབ་དེ་མི་འགྱངས་བར་དཔེ་ཁང་སོ་སོ་རུ་ཐོན་གྲབས་ཡོད་པས། ཚང་མས་དུས་དང་རྣམ་པ་ཀུན་ཏུ་ན་གཞོན་རྩོམ་པ་པོ་ཁོང་གི་བློ་རིག་ལས་ཐོན་པའི་རྩོམ་རྩལ་གྱི་ཉིང་ཁུ་དང་དངོས་ཡོད་འཚོ་བ་ལ་ཟབ་འཇུག་བྱས་པའི་བརྩེ་དུངས་ཀྱི་མྱོང་ཚོར་སོགས་ལ་དཔྱོད་ཤེས་ཀྱི་མིག་ཟུང་སྤྱད་ནས་བལྟ་བར་འཚལ། དེ་མིན་ཁོང་གི་སྒེར་དེབ་གཉིས་པ་ཚོར་བའི་དབྱངས་ཞེས་པ་འདི་ནི་ས་བཅད་གསུམ་གྱི་བདག་ཉིད་དུ་གྲུབ་པའི་སྙན་དེབ་ཅིག་ཡིན་ལ། སྙན་དེབ་དེ་ལས་ཚན་པ་རེ་རེ་དང་སྙན་དུམ་རེ་རེ་ཡང་མ་འོངས་པའི་གཞོན་ནུ་རྣམས་ལ་འབོད་བརྡ་རེ་རེ་དང་རྟིང་སྐུལ་རེ་རེར་འགྱུར་བ་དང་། དེའི་ནང་གི་བརྩེ་དུང་གི་གཏམ་རྒྱུད་རེ་རེ་ནི་སྐྱ་ཟད་སྔོ་སྡུག་གི་འཚོ་བའི་གསེབ་ནས་ལྷད་མེད་ཀྱི་བརྩེ་དུངས་ལ་གས་ཆག་ཤོར་བའི་ན་གཞོན་ཕོ་མོ་དག་གི་མདོག་ཤོར་བའི་སེམས་ཀྱི་དགའ་སྐྱོ་རེ་རེ་མཚོན་ཡོད།

        རྩོམ་པ་པོ་ངོ་སྤྲོད་མདོ་བསྡུས།

        ན་གཞོན་སྙན་ངག་པ་ཁོང་ནི་ཡུལ་གསེར་རྟའི་འབྲོག་ཁྱིམ་དཀྱུས་མ་ཞིག་དུ་སྐྱེས་ཤིང་། ཆུང་དུས་ནས་རྒྱལ་ཁབ་རིམ་པའི་སློབ་ཆུང་དུ་ཞུགས་ནས་ཀ་ཁའི་སྦྱོར་ཀློག་ལ་ཐོས་པ་བགྱིས། དེ་ལྟར་སློབ་སྦྱོང་གི་སྡེ་ཁག་རིམ་གྱིས་འགྲིམས་ནས་དཀའ་སྡུག་གང་མང་ལ་གཡུལ་འཐབ་བྱས་མཐར། དམའ་འབྲིང་གི་དུས་སྐབས་ནས་བཟུང་རྩོམ་རིགས་ཕྱོགས་ལ་དགའ་བ་དང་སྤྲོ་བ་ཤུགས་ཆེར་བསྐྱེད། དེ་ལས་ཁོང་གིས་སྒེར་རྩོམ་དང་པོ༼རྡུལ་དམར་གྱི་མཆོད་པ་༽དཔར་དུ་བསྐྲུན། མ་ཟད་དུས་དེབ་དང་ཚགས་པར། དྲ་ལམ་སོགས་ཕྱོགས་སོ་སོ་རུ་རང་མོས་སྙན་ངག་དང་བཅད་རྩོམ། འབྱིན་རྩོམ་སོགས་མང་དུ་སྤེལ། ཁོ་བོ་བོད་སྐད་ཡིག་ལ་དུང་བ་དང་ཚོར་བ་ཟབ་མོ་ཡོད་སྟབས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཞུགས་ནས་ལོ་གསུམ་ལ་ཉེ་བའི་རིང་དུ་བོད་སྐད་ཡིག་གི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་དུ་བཀའ་དྲིན་ཅན་གྱི་བླ་མ་དང་སློབ་དཔོན་རྣམས་ཀྱིས་ལྷག་བསམ་དང་ཐུགས་ཁུར་འོག་ནས་ད་ཐེངས་ཡང་། སྙན་དེབ་གསར་བ་༼ཚོར་བའི་དབྱངས་༽ཞེས་པ་འདི་དཔར་དུ་བསྐྲུན་པ་ཡིན་ལགས།