དབུ་ཤོག >> དཔལ་འབྱོར་འཚོ་བ།
གློག་བརྙན་ཁང་གི་རྐུབ་སྟེགས་དམར་པོ་ཡིན་དོན་ཅི།
རྩོམ་པ་པོ། དུས་ཚོད། 2018-11-28 རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

        ད་ཆ། དཔལ་གྱི་འབྱོར་པ་ཡར་ངོའི་ཟླ་ལྟར་འཕེལ་བས་མི་མང་ཆེ་བའི་འཛད་སྤྱོད་ཀྱི་ལྟ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཞིང་། ངལ་གསོའི་རིང་གློག་བརྙན་ཁང་དུ་རང་ཉིད་ཀྱིས་དགའ་བའི་ལྟད་མོ་ཞིག་བལྟ་རྒྱུ་ནི་མི་ཁག་གཅིག་གི་གོམས་གཤིས་སུ་གྱུར་ཡོད། ཁྱེད་ཚོ་གློག་བརྙན་ཁང་དུ་བསྐྱོད་མྱོང་མོད། འོན་ཀྱང་སྣང་ཚུལ་འདི་ལ་དོ་སྣང་བྱུང་ངམ། གལ་སྲིད་ཁྱེད་ཉིད་མི་ཞིབ་ཚགས་པོ་ཞིག་ཡིན་ན། འདིར་དོ་སྣང་བྱུང་ཡོད་ཤས་རེད། གང་རེད་ཅེ་ན། གློག་བརྙན་ཁང་གི་རྐུབ་སྟེགས་མང་ཆེ་བ་དམར་པོ་རེད། ཇུས་བཀོད་འདི་ལྟ་བུ་མིག་གིས་ལྟ་སྣང་འདོད་པའི་ཆེད་དམ་ཡང་ན་ཚན་རིག་གི་ངོས་ནས་འདིར་རྒྱུ་མཚན་ཅི་ཞིག་བརྗོད་རྒྱུ་ཡོད་དམ་ཞེ་ན། 

        དོན་དམ་དུ་གློག་བརྙན་ཁང་གི་རྐུབ་སྟེགས་ཚང་མ་དམར་པོ་སྒྲིག་པ་ནི་གློག་བརྙན་ཡག་པོ་ལྟ་ཐུབ་པའི་ཆེད་དུ་རེད། ཅི་ཡིན་ཟེར་ན། ཅ་དངོས་ཞིག་ལ་མིག་གིས་ཉིན་མོ་དང་མཚན་མོ་བལྟ་དུས་མཐོང་བའི་སྣང་ཚུལ་མི་འདྲ་བས་སོ། ཉིན་མོ་འོད་མདངས་ལྷག་པར་ཆེ་བས་མཐོང་རྒྱ་ཧ་ཅང་ཡངས་པ་མ་ཟད། མིག་གི་རྒྱལ་མོ་ཆེས་ཆེར་འགྱུར་འགྲོ་བ་དང་མུན་པ་རུབ་རྗེས་མིག་ཤེས་སྐྱོ་རུ་སོང་བས། མིག་གི་རྒྱལ་མོ་ཆུང་དུ་འགྲོ་གི་ཡོད། ཚོས་གཞི་དམར་པོ་དང་། ལི་དམར། སེར་པོ། ལྗང་ཁུ། སྔོན་པོ། རྒྱ་སྨུག་བཅས་ལ་རིམ་པས་བཞིན་མིག་གིས་ཚོར་སྐྱེན་གཞན་དུ་འགྲོ་ཡི་ཡོད། ཉིན་མོ་ཚོས་མདོག་སེར་པོར་མིག་གིས་ཚོར་སྣང་ཧ་ཅང་སྐྱེན་པས། ཉེན་གློག་སེར་པོ་དང་ཆར་སླེ་ཚང་མ་སེར་པོ་བཟོས་པའི་རྒྱུ་མཚན་དེའོ། དགོང་མོ་འོད་མདངས་ཧ་ཅང་སྐྱོ་བས། ཚོས་མདོག་ལྗང་ཁུར་མིག་གིས་ཚོར་སྣང་སྐྱེན་པ་དང་བཀྲག་མདངས་ཆེ་བའི་ཚོས་མདོག་དམར་པོ་མིག་ཤེད་ནས་མགྱོགས་ཤོས་ཡལ་འགྲོ་ཡི་ཡོད། དེར་བརྟེན། གློག་བརྙན་ཁང་དུ་གློག་བརྙན་སྟོན་སྐབས་གློག་ཚང་མ་བསད་ནས་བསྟན་པས། ང་ཚོའི་མིག་ཤེད་དུ་ཚོས་མདོག་དམར་པོ་མགྱོགས་ཤོས་ཡལ་བ་དང་ཆབས་ཅིག གློག་བརྙན་ཡག་པོ་ལྟ་ཐུབ་ཀྱི་ཡོད། དེས་མ་ཚད། ཚོས་མདོག་དམར་པོ་གློག་འོད་ཅུང་སྐྱོ་བའི་འོག་ཏུ་ལས་སླ་པོར་མདངས་རྒྱག་གི་མེད། 

        ཡང་མི་ལ་ལས་གློག་བརྙན་འདི་ཉིད་དུས་རབས་19པའི་དུས་མཇུག་ཏུ་དར་བ་དང་ཟློས་གར་དུས་རབས་17པར་དར་བས། ལོ་རྒྱུས་ཐོག་ཟློས་གར་ཁང་གི་རྐུབ་སྟེགས་ཚང་མ་དམར་པོ་ཡིན་པས། དེར་ལད་ཟློས་དང་དཔེ་བལྟས་པས་རེད་ཅེས་ངོས་འཛིན་གྱི་ཡོད།