དབུ་ཤོག >> བོད་ཁུལ་གསར་འགྱུར།
རྒྱལ་ལམ་318ཀྱི་གྲུ་པ་ལུང་གི་འབྲི་ཆུའི་ཟམ་ཆེན་མྱུར་བཟོར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།
རྩོམ་པ་པོ། དུས་ཚོད། 2018-11-28 རྩོམ་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འདི་ནི་དྲག་ཆས་ཉེན་རྟོག་པུའུ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པས་ཟམ་གདན་དང་པོ་དེ་འདིང་བཞིན་པ།

        ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་40ཐོག དྲག་ཆས་ཉེན་རྟོག་གི་པུའུ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་དཔོན་དམག་གིས་འབད་འཐབ་བསྟུད་མར་བྱས་པ་བརྒྱུད། འབྲི་ཆུའི་པད་ཀེའི་འཁྱིལ་མཚོ་གློད་སྐབས་ཆུས་ཁྱེར་བའི་འབྲི་ཆུའི་ཟམ་ཆེན་ལ་ཟམ་གདན་དང་པོ་བཏིང་བ་དེ་ཐོག་ནས་རྒྱལ་ལམ་318མྱུར་བཟོར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཡོད་པ་རེད།

        ཟླ་11ཚེས་14ཉིན་གྱི་ཐོ་རེངས་སུ་འབྲི་ཆུའི་པད་ཀེའི་འཁྱིལ་མཚོ་གློད་ནས་འབའ་ཐང་རྫོང་དང་སྨར་ཁམས་རྫོང་གི་འབྲེལ་མཚམས་སུ་རྒྱུག་སྐབས་རྒྱལ་ལམ་318ཀྱི་གྲུ་པ་ལུང་གི་འབྲི་ཆུའི་ཟམ་ཆེན་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་མ་གཞིར་སྨི་270ཟིན་པའི་ཟམ་གདན་9ཡོད་པའི་ནང་སྨི་210ཟིན་པའི་ཟམ་གདན་7ཆུས་ཁྱེར་ནས་ཁྲོན་བོད་ཞིང་ཆེན་སྦྲེལ་བའི་འགྲིམ་འགྲུལ་གཙོ་བོའི་རྒྱུན་ཆད་པ་རེད།

        ཚེས་21ཉིན་གྱི་སྔ་དྲོར། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ZB—200རྟགས་ཅན་གྱི་གོང་སྦྲེལ་རྣམ་པའི་ཟམ་ཆེན་མྱུར་བཟོའི་ཐོག་མའི་ཇུས་གཞི་བཏོན། ཚེས་23ཉིན་གྱི་ཕྱི་དྲོར་མྱུར་བཟོའི་ཇུས་གཞི་དངོས་སུ་གཏན་འཁེལ་རྗེས། ཁྲོན་བོད་དང་ཤིན་བོད་གཞུང་ལམ་གཉིས་ཀྱི་ཉེན་སེལ་ཤར་གཏོང་གི་ལས་འགན་འཁུར་བའི་དྲག་ཆས་ཉེན་རྟོག་གི་པུའུ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པས་ཚེས་24ཉིན་འབྲི་ཆུའི་ཟམ་ཆེན་མྱུར་སྐྲུན་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

        འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ལག་རྩལ་ཁྲུའི་ཁྲུའུ་ཀྲང་ཀྲང་ཅན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟམ་པ་མྱུར་བཟོ་བྱེད་རིང་། འབྲི་ཆུ་རྒྱུག་ཤུགས་ཆེ་བས་ཟམ་གདན་དང་ཆུ་ངོས་དབར་མཐོ་ཚད་སྨི་10ཙམ་ཡོད་པས་དཔོན་དམག་རྣམས་ཀྱིས་ལས་ཀ་སྒྲུབ་པར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

        “གོ་ཆོད་དང་བདེ་འཇགས་ངང་ཟམ་པ་མྱུར་བཟོ་བྱ་ཆེད། ང་ཚོས་ཕྱོགས་གཅིག་ནས་རེས་མོས་ཀྱིས་ལས་སྒྲུབ་བྱས་ཏེ་སྨི་79ཟིན་པའི་རྣོ་ལྕགས་ཟམ་པའི་རྒྱུ་ཆ་སྒྲིག་སྦྱོར་བྱས་པ་དང་། ཕྱོགས་ཅིག་ཤོས་ནས་འབྲི་ཆུ་ཟམ་ཆེན་གྱི་ཟམ་གདན་འོག་ཏུ་གླིང་ཕྲན་གྱི་ཆུ་རག་བསྐྲུན་པ་དང་འདེགས་འཁོར་ཆེ་གྲས་ཀྱིས་ལས་སྒྲུབ་བྱས་ཏེ་ལས་སྟེགས་བསྐྲུན་པ་ཡིན”ཞེས་ཡུལ་དངོས་བཀོད་འདོམས་མྱུར་སྐྲུན་ལས་དོན་གྱི་དྲག་ཆས་ཉེན་རྟོག་པུའུ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་རུ་དཔོན་ཁྲེན་ཅུན་གྱིས་བཤད་ཅིང་། ཁོང་གིས“གོམ་སྟབས་རྗེས་མར། ང་ཚོས་བདེ་འཇགས་གཙོར་འཛིན་དང་ཚན་རིག་དང་མཐུན་པའི་མྱུར་སྐྲུན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ལྷག་འཕྲོས་ཀྱི་ཟམ་གདན་གང་མྱུར་འདིང་རྒྱུ་ཡིན”ཞེས་བཤད།