༄༅།། བོད་ཀྱི་ལྷ་མོའི་འཁྲབ་གཞུང་ལ་ཐུབ་པའི་སྐྱེས་རབས་ཀྱི་ཤན་ཞུགས་པའི་སྐོར་གླེང་བ།

རྩོམ་པ་པོ།    ཤ་བོ་ཚེ་འབུམ།  ཡིག་བསྒྱུར།       དུས་ཚོད།   2018-11-28   རྩོམ་ཁུངས།    བོད་ལྗོངས་ཞིབ་འཇུག སྤེལ་དུས།

        དེ་ཡང་རང་ཅག་ཁ་བའི་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་བ་ནས་འཕེལ་རྒྱས་ལོ་རྒྱུས་རིང་མོའི་ནང་དུ་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་ལ་རྒྱུས་ལོན་དང་འཐབ་རྩོད། བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་གྱི་ཁྲོད་དམངས་ཁྲོད་སྒྱུ་རྩལ་ཕུན་སུམ་ཚོགས་པ་གསར་གཏོད་བྱས་ཡོད་ཅིང་། སྒྱུ་རྩལ་རྩོམ་རིག་ཀྱང་འཛམ་གླིང་ཐོག་ཤེས་རིག་ལྡན་པའི་མི་རིགས་གཞན་དང་འདྲ་བར་རི་བོའི་གཏོས་དང་མཉམ་པ་ཡོད། སྤྱི་ཚོགས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་བོད་རིགས་མི་དམངས་ཀྱིས་རང་གི་འདུ་ཤེས་དང་བསམ་བློ། བརྩེ་དུང་སོགས་མཚོན་པའི་ངག་ཐོག་རྩོམ་རིག་བགྲང་གིས་མི་ལང་པ་བརྩམས་ཡོད་དེ། སྒྲུང་དང་ལྡེའུ། གླུ་དང་ལ་གཞས། ཤགས་དང་ཁ་མཚར་སོགས་རྣམ་གྲངས་མང་ཞིང་སྒྱུ་རྩལ་གྱི་སྤུས་ཚད་མཐོ་བ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་བརྩམས་ཆོས་འབོར་ཆེན་ཡོད་པ་རེད། དམངས་ཁྲོད་ཀྱི་གླུ་གཞས་དང་བྲོ་གར། གཏམ་རྒྱུད་སོགས་རིག་རྩལ་གྱི་རྣམ་པའི་འཕེལ་རྒྱས་དང་བསྟུན་ནས་བོད་ཀྱི་རྩོམ་རིག་ལ་སྔར་ལས་ལྷག་པའི་ཡན་ལག་མང་པོ་རྒྱས་ཏེ་རིགས་དང་རྣམ་གྲངས་སོགས་རྒྱ་ཆེར་ཕྱེ་སྟེ། རྣམ་ཐར་དང་མགུར། བསླབ་བྱ། ལེགས་བཤད་སོགས་ཀྱི་བརྩམས་ཆོས་ཕུན་སུམ་ཚོགས་པ་བྱུང་བ་དང་། ལྷག་པར་དུ་གནའ་རབས་ཀྱི་སྒྲུང་དང་ཆོས་ལུགས་ཀྱི་གར་འཆམ། བྲོ་དང་གླུ་གཞས་སོགས་ཀྱི་དུས་ཡུན་རིང་པོའི་ཤུགས་རྐྱེན་འོག་བོད་ཀྱི་ཟློས་གར་ཞེས་པའི་སྣ་འཛོམས་སྒྱུ་རྩལ་གྱི་རྣམ་པ་དེ་བྱུང་ཞིང་རང་རེའི་རིག་གནས་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད། ཟློས་གར་གྱི་འཕྲིན་ལས་རྒྱ་ཆེར་འཕེལ་བ་བརྒྱུད་རྣམ་ཐར་ཟློས་གར་འཁྲབ་པའི་གཞུང་ལུགས་དང་འཁྲབ་སྲོལ། རྣམ་པ་སོགས་སྒྱུ་རྩལ་གྱི་མ་ལག་གྲུབ་པའི་འགོ་ཚུགས་ཤིང་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ། སྐབས་དེ་དང་བསྟུན་ནས་སངས་རྒྱས་ཆོས་ལུགས་པ་ཚོས་ཟློས་གར་བེད་སྤྱད་ནས་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱས་ཤིང་། ཐུབ་པའི་སྐྱེས་རབས་ལས་གཏམ་རྒྱུད་འགའ་ཤས་ཟློས་གར་དུ་བཅོས་ཏེ་དམངས་ཁྲོད་དུ་བརྒྱུད་བསྒྲགས་བྱས་པའི་དབང་གིས། རང་རེའི་ཟློས་གར་རྩོམ་རིག་ལ་སྐྱེས་རབས་གཏམ་རྒྱུད་ཀྱི་ཤན་ཟབ་མོ་ཞིག་ཞུགས་ཡོད་པ་རེད། གཤམ་དུ་གནད་འདིའི་ཐད་ལ་ཅུང་ཙམ་དཔྱད་པར་བྱའོ།
དང་པོ། བརྗོད་བྱའི་ནང་དོན་ལ་ཤན་ཞུགས་པ།
          ཐུབ་པའི་སྐྱེས་རབས་ལས་བྱུང་བའི་གཏམ་རྒྱུད་དག་ནི་རྗོད་བྱེད་ཚིག་ལ་གསོན་ཉམས་ལྡན་ཞིང་བྱུང་རིམ་གྱིས་ཡིད་སེམས་འགུགས་པ། སྣང་བརྙན་གསལ་བ། འཚོ་བའི་ཉམས་འགྱུར་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། བརྗོད་བྱ་སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ་སོགས་ནང་ཆོས་ཀྱི་གནས་ལུགས་ཟབ་མོ་དང་སྦྱར་ཡོད་པ་ནི། དབྱངས་ཅན་སྒེག་བློས་བརྩམས་པའི་《ཐུབ་པའི་སྐྱེས་རབས་བརྒྱ་དང་ང་གཅིག་པ་》ལས། “སྟོན་པའི་འཁྲུངས་རབས་གཅིག་ལ་ཡང་སྦྱིན་པ་བཏང་བའི་ངོས་ནས་བལྟས་ན་སྦྱིན་པ་གཙོ་བོར་བྱས་པ་ལྟ་བུ་དང་། དེ་བཞིན་དུ་བཟོད་པ་དང་བརྩོན་འགྲུས་སོགས་ཀྱི་ངོས་ནས་བལྟས་ན་ཡང་དེ་དང་དེ་གཙོ་བོར་བྱས་པ་ལྟ་བུར་སྣང་” ཞེས་བཀོད་ཡོད་པས་དེ་ནི་བོད་ཀྱི་མཁས་པ་དང་ཐུབ་པའི་རྗེས་འཇུག་པ་རྣམས་ཀྱི་བསམ་བློའི་སློབ་སྟོན་དུ་གྱུར་པ་རེད། ཁོང་ཚོས་སྟོན་པའི་རིང་ལུགས་སྤེལ་ཆེད་སྐྱེས་རབས་གཏམ་རྒྱུད་རྣམས་ཕྱོགས་བསྒྲིགས་བྱས་ནས་འགྲེལ་པ་བརྩམས་ཤིང་། དེ་དག་མ་དཔེར་བཟུང་ནས་ལད་མོ་བྱས་པ་དང་། ལྷག་པར་དུ་དེའི་དགོངས་དོན་གཙོ་བོ་དེ་རང་མི་རིགས་ཀྱི་འཚོ་བ་དངོས་དང་སྦྱར་ནས་དྲིལ་བསྒྲགས་བྱས་པའི་དབང་གིས། བོད་ཀྱི་རྩོམ་རིག་སྤྱི་དང་སྒོས་སུ་ལྷ་མོའི་འཁྲབ་གཞུང་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》དང་《དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》《འགྲོ་བ་བཟང་མོའི་རྣམ་ཐར་》སོགས་སྒྲུང་རྩོམ་འདི་དག་གི་བརྗོད་བྱའི་ནང་དོན་ལའང་ཤན་ཞུགས་ཡོད་པ་རེད། དེ་དག་ལས་ལས་དགེ་བ་ལས་འབྲས་བུ་བདེ་བ་དང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བའི་རྒྱུ་འབྲས་ཀྱི་རྣམ་གཞག་དང་། འཇིག་རྟེན་པའི་ལོངས་སྤྱོད་ལ་སྙིང་པོ་ཅི་ཡང་མེད་པར་གདམས་ཤིང་དེ་ལས་གྲོལ་བྱེད་ནི་དམ་པའི་ཆོས་ཡིན་པར་བསྟན་ཏེ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངས་ནས་ཕར་ཕྱིན་དྲུག་སོགས་ལ་སློབ་དགོས་ཚུལ་བསྟན་ཡོད། དེའི་དཔེ་མཚོན་ཙམ་བཀོད་ན། 《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དུ། རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་དབུལ་ཞིང་ཉམས་ཐག་པའི་སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ཤིང་། དེ་དག་གི་སྡུག་བསྔལ་སེལ་ཕྱིར་ནོར་རྣམས་ཅི་དགར་སྦྱིན་པ་བཏང་བ་དང་། རྒྱལ་པོའི་བང་མཛོད་ནས་ནོར་བུ་དགོས་འདོད་དཔུང་འཇོམས་ཀྱང་ཕངས་མེད་སྦྱིན་པར་བཏང་བ་མ་ཟད། རང་གི་ཆུང་མ་དང་སྲས་མིང་སྲིང་གསུམ། ཐ་ན་རང་གི་སྤྱན་ལ་སོགས་པའང་སྦྱིན་པར་བཏང་སྟེ་སྦྱིན་པའི་ཕར་ཕྱིན་གྱི་འཕྲིན་ལས་རྒྱ་ཆེར་མཛད་པ་དང་། མཐའ་མར་སྲས་དང་ཆུང་མ་ནོར་བུ་སོགས་ཕྱིར་ཐོབ་པ་དང་། རྒྱལ་བུ་དྲི་མེད་ཀུན་ལྡན་དང་བཙུན་མོ་མནྡེ་བཟང་མོ་གཉིས་མེ་ཏོག་པདྨ་དམར་སེར་གཉིས་སུ་གྱུར་ཚུལ་སོགས་བརྗོད་ནས་སྦྱིན་པའི་ཕན་ཡོན་བསྟན་ཡོད་པ་རེད། 《འགྲོ་བ་བཟང་མོའི་རྣམ་ཐར་》དུ། ཧ་ཅང་བཙུན་མོ་ཕྲག་དོག་དང་ཞེ་སྡང་གིས་ཀུན་ནས་མྱོས་ཏེ་རྒྱལ་པོ་བཙོན་དུ་བཅུག་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་སྲས་གཉིས་ལ་གནོད་འཚེ་ཐེངས་མང་བྱས་ནའང་ལྷ་སྲས་མིང་སྲིང་གཉིས་རྐྱེན་ངན་དེ་དག་ལས་ཐར་ཏེ་མཐའ་མར་སྲིད་ཁྲིར་བཞུགས་པ་དང་། ཧ་ཅང་བཙུན་མོ་འཆི་བའི་སྡུག་བསྔལ་ལ་ལྷུང་བར་བརྗོད་ནས་དཀར་དགེའི་ཕྱོགས་དེ་སྡིག་ཕྱོགས་ལས་རྒྱལ་བའི་ལས་འབྲས་བསྟན་ཡོད། དེ་བཞིན་《སྣང་ས་འོད་འབུམ་གྱི་རྣམ་ཐར་》ལས། ཆོས་དང་བྱམས་སྙིང་རྗེའི་ལས་ལ་དགའ་བའི་བུ་མོ་སྣང་སས་སྙིད་མོ་ནེ་ཙོའི་བསམ་ངན་གྱི་སྦྱོར་བ་ལ་བརྟེན་ནས་དཔོན་པོས་སྒྲ་ཆེན་ཡབ་སྲས་ཀྱི་གཅར་རྡུང་ཚད་མེད་པ་མྱངས་བས་མཐར་གྲོངས་པ་དང་། དེ་ནས་གཤིན་རྗེ་ཆོས་རྒྱལ་གྱིས་མཁའ་འགྲོ་མའི་སྤྲུལ་པ་ཡིན་པར་མཁྱེན་ནས་ཕྱིར་འཇིག་རྟེན་དུ་འདས་ལོག་བྱེད་དུ་བཅུག་པ། བུ་མོ་སྣང་སས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་འགྲོ་བའི་དོན་རྒྱ་ཆེར་མཛད་པ་སོགས་བསྟན་ནས་དགེ་བ་ལ་འཇུག་ཅིང་མི་དགེ་བ་སྤངས་པ་དང་། འཇིག་རྟེན་པའི་སྡུག་བསྔལ་མི་ཟད་པ་ལས་ཐར་བར་བྱེད་དགོས་ན་དམ་པའི་ཆོས་ལ་འཇུག་དགོས་ཚུལ་སོགས་ཆོས་ཀྱི་ནང་དོན་འབའ་ཞིག་བརྗོད་ཡོད།
          གཞན་ཡང་། 《གཟུགས་ཀྱི་ཉི་མའི་རྣམ་ཐར་》དུ། རིགས་ངན་གྱི་བུ་མོས་ཐོག་དྲངས་པའི་བཙུན་མོ་ལྔ་བརྒྱས་གཟུགས་ཀྱི་ཉི་མའི་ཡོན་ཏན་ལ་ཕྲག་དོག་གིས་མ་བཟོད་པར་རིགས་སྔགས་མ་གན་དྷེ་བཟང་མོ་དང་མཉམ་འབྲེལ་གྱིས་བསམ་ངན་གྱི་སྦྱོར་བ་སྣ་ཚོགས་སྤེལ་བ་དང་། གཟུགས་ཀྱི་ཉི་མས་བྱ་སྤྱོད་དེ་དག་མཐོང་བས་ཡིད་སྐྱོ་ཞིང་འཇིག་རྟེན་གྱི་བྱ་བར་སྙིང་པོ་ཅི་ཡང་མེད་པར་བསམས་ནས་ཆོས་ཀྱི་སྒོར་ཞུགས་པ་བརྗོད་ཡོད། རྣམ་ཐར་ལས་འཁོར་འབངས་རྣམས་ཀྱིས་ཆོས་ཞུས་པའི་ལན་དུ། གཟུགས་ཀྱི་ཉི་མས་“ཀ་ཡེ་གསོན་དང་འདིར་ཚོགས་འཁོར་འབངས་ཀུན།། བུ་མོས་མ་ཉེས་ཉེས་ན་ཅི་སྨྲོས་མཆིས།། ཁོ་མོས་སྡུག་བསྔལ་འདི་འདྲ་མཐོང་ཙ་ན།། བྱ་རིན་ཆོག་པའི་དམ་ཆོས་མི་བྱེད་པར།། འཁོར་བའི་ཆོས་ལ་སྙིང་པོ་ཅི་ཞིག་འདུག མི་རྟག་ཚེ་ལ་རང་དབང་ཅི་ཞིག་འདུག། བསགས་པའི་ནོར་ལ་སྙིང་པོ་ཅིག་ཞིག་འདུག། མཛའ་བའི་གྲོགས་ལ་ཕྱི་ཐག་ཅི་ཞིག་འདུག། གསར་འགྲོགས་ཅན་ལ་ཁྲེལ་གཞུང་ཅི་ཞིག་འདུག། ངོ་བསྟོད་ཅན་ལ་བློ་གཏན་ཅི་ཞིག་འདུག། འགྲོ་འདུག་གནས་ཚུལ་འདི་ལྟར་ཡིན་པ་ལ།། འཁོར་བའི་ཆོས་སྤོངས་དགེ་བའི་ལས་ལ་འབུངས།།”ཞེས་འཁོད་ཡོད་པ་ལྟ་བུའོ།
          གོང་གསལ་གྱི་དཔེ་དེ་དང་དེ་ལྟ་བུ་སྒྲུང་གཏམ་འདི་དག་ཏུ་ཤིན་ཏུ་མང་བས་འདིར་རེ་རེ་བཞིན་དྲངས་པར་མི་བྱའོ།
གཉིས་པ།  སྒྲིག་གཞིར་ཤུན་ཞུགས་པ།
          ཐུབ་པའི་སྐྱེས་རབས་ལས་བྱུང་བའི་གཏམ་རྒྱུད་དག་ནི་དོན་གྱི་བྱུང་རིམ་ལྟར་བསྒྲིགས་ཡོད་དེ། དང་པོ་གཏམ་རྒྱུད་གསུངས་པའི་ཡུལ་དང་རྐྱེན་བརྗོད་པ། དེ་ནས་གང་ཟག་གང་ཞིག་གིས་གནས་གང་དུ་ལུས་གང་གི་སྐྱེ་བ་བཞེས་ཚུལ་དང་དེས་ཕར་ཕྱིན་དྲུག་པོ་གང་རུང་གི་སྤྱོད་པ་སྤྱད་ནས་འབྲས་བུ་གང་ཐོབ་པ་སོགས་རིམ་བཞིན་བརྗོད་དེ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་སྟོན་པ་ཤཱཀྱ་ཐུབ་པའི་སྐྱེ་བ་སྔ་མར་ངོས་འཛིན་པ་ཞིག་ཡིན། གཏན་ཆགས་སྒྲིག་རིམ་དེ་ལྟ་བུ་ནི་ཐུབ་པའི་སྐྱེས་རབས་གཏམ་རྒྱུད་ཀྱི་ཁྱད་ཆོས་ཤིག་རེད། ལྷ་མོའི་འཁྲབ་གཞུང་ཁྲོད་ཀྱི་སྒྲུང་གཏམ་ལ་མཚོན་ན། དང་པོ་གཏམ་རྒྱུད་བྱུང་བའི་ཡུལ་ལམ་གནས་བསྟན་པ་དང་། དེ་ནས་ལུང་བསྟན་དང་རྨི་ལམ་སོགས་རྐྱེན་གང་རུང་ལ་བརྟེན་ནས་རྒྱལ་པོའམ་ཡང་ན་བྲམ་ཟེ་གང་རུང་ལས་སྲས་དང་སྲས་མོ་གང་འཁྲུངས་པ་དང་། དེ་འཁྲུངས་མ་ཐག་ནས་ཆོས་ལ་ཇི་ལྟར་མོས་ཚུལ། དེ་ནས་ཕར་ཕྱིན་དྲུག་སོགས་དགེ་བའི་ལས་ལ་འབད་ནས་འགྲོ་དོན་རྒྱ་ཆེར་མཛད་པ་སོགས་བརྗོད་དེ་གཏམ་རྒྱུད་ཀྱི་མཇུག་བསྒྲིལ་ཡོད། འདིའི་ཐད་ནས་བལྟས་ན་དེ་གཉིས་འབྲེལ་མེད་དུ་སོང་ཡོད་པར་སྙམ་མོད། སྔ་མ་དང་ཕྱི་མ་གང་ཡིན་རུང་གཏམ་རྒྱུད་སྤྱིའི་སྒྲིག་རིམ་དེར་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་ཏེ། “རིགས་ཕུན་སུམ་ཚོགས་པའི་སྐྱེ་བ་བཞེས་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་ཚུལ”གསུམ་དུ་བསྡུས་ཡོད། འདི་ནི་སྐྱེས་རབས་གཏམ་རྒྱུད་ཀྱི་རྩོམ་སྲོལ་རྒྱུན་འཛིན་བྱས་པའི་ཐོན་དངོས་ཤིག་ཡིན་པར་སྙམ་ལ། སངས་རྒྱས་བསྟན་པ་བོད་དུ་གཞི་ཚུགས་ཡོད་པའི་མཚོན་རྟགས་ཤིག་ཀྱང་རེད།
གསུམ་པ། བྱུང་རིམ་བཀོད་ཚུལ་ལ་ཤན་ཞུགས་པ།
          གཅིག་བོད་ཀྱི་ལྷ་མོའི་འཁྲབ་གཞུང་《ཆོས་རྒྱལ་ནོར་བཟང་》དང་《དྲི་མེད་ཀུན་ལྡན་》《འགྲོ་བ་བཟང་མོ་》སོགས་སྒྲུང་གཏམ་དེ་དག་གི་བྱུང་རིམ་ཐད་ནས་བལྟས་ན། སྐྱེས་རབས་གཏམ་རྒྱུད་ལད་མོ་བྱས་པ། སོར་འཇོག་བྱས་པ། བསྐྱར་བཟློས་ཀྱིས་བྲིས་པ། བསྡུས་འབྲི་དང་རྒྱས་འབྲི་བྱས་པ་སོགས་ཤིན་ཏུ་མང་སྟེ། དཔེ་མཚོན་ཙམ་བཀོད་ན། 《རྒྱ་བཟའ་བལ་བཟའི་རྣམ་ཐར་》དུ། བློན་པོ་མགར་རྒྱ་བཟའ་ཀོང་ཇོ་སློང་དུ་སོང་དུས། རྒྱ་ནག་རྒྱལ་པོས་གཉེན་སློང་དུ་འོངས་པའི་ཕོ་ཉ་ལ་རིག་པ་ཐེངས་བདུན་འགྲན་དུ་བཅུག་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དེ་《མདོ་མཛངས་བླུན་》གྱི་ལེའུ་ཉེས་གསུམ་པ་“བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ་”ཞེས་པའི་ནང་འཁོད་ཤི་རི་ཤིག་ཏིའི་རྒྱལ་པོས་མཉན་ཡོད་ཀྱི་རྒྱལ་པོ་དེ་ལ་རིག་པ་འགྲན་པའི་བྱུང་རིམ་དང་། 《ཏཱ་བསེ་དོ་ཡི་སྐྱེས་པའི་རབས་》ཞེས་པའི་ནང་འཁོད་སྟོན་པས་ཤིང་དུམ་གྱི་མགོ་མཇུག་དབྱེ་བ་དང་ནོར་བུའི་མིག་ཏུ་སྐུད་པ་འདྲོངས་པ་སོགས་དང་ཤིན་ཏུ་མཚུངས་པས་ལད་མོ་བྱས་པའི་སྣང་ཚུལ་མང་། དེ་བཞིན་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》དེ་《སྐྱེས་རབས་དཔག་བསམ་འཁྲི་ཤིང་》གི་ཡལ་འདབ་རེ་བཞི་པ《ནོར་བཟང་གི་སྐྱེས་རབས་》གཞིར་བཟུང་ནས་བརྩམས་ཐོག་དེའི་བྱུང་རིམ་ལ་རྒྱས་བསྡུས་དང་བཟོ་བཅོས་ཚད་མི་འདྲ་བ་བརྒྱབ་ཡོད་དེ། དཔེར་ན། སྐྱེས་རབས་སུ་རྔོན་པ་པདྨ་ཅན་གྱིས་སྔགས་པ་བསྒྲལ་ཤིང་ནོར་བུ་དོན་ཡོད་ཞགས་པ་ཐོགས་ཏེ་ཀླུའི་ཕོ་བྲང་དུ་ཕྱིན་ནས་མིའམ་ཅིའི་བུ་མོ་ཡིད་འཕྲོག་ལྷ་མོ་བཟུང་ཚུལ་སོགས་མདོར་བསྡུས་སུ་བྲིས་ཡོད་ཀྱང་། 《ཆོས་རྒྱལ་ནོར་བཟུང་གི་རྣམ་ཐར་》དུ་རྔོན་པ་སྤང་ལེབ་འཛིན་པས་སྔགས་པ་བསྒྲལ་པའི་དྲིན་དུ་ཀླུ་རྒྱལ་གྱིས་ནོར་བུ་དགོས་འདོད་ཀུན་འབྱུང་གནང་བ་དང་། ཕྱིས་སུ་དྲང་སྲོང་དང་མཇལ་བས་དྲི་ཟའི་བུ་མོ་ཡིད་འཕྲོག་ལྷ་མོ་གཟུང་བ་ལ་དོན་ཡོད་ཞགས་པ་དགོས་ལུགས་བཤད་པས། རྔོན་པ་ཕྱིར་ཀླུ་ཡུལ་དུ་ཕྱིན་ནས་དོན་ཡོད་ཞགས་པ་བླངས་ཚུལ་དང་། དེ་ནས་དྲང་སྲོང་གི་བློ་བཀོད་བཞིན་ཡིད་འཕྲོག་ལྷ་མོ་བཟུང་ཚུལ་སོགས་བརྗོད་ཡོད་པས། སྔ་མ་དང་བསྡུར་ན་འདིའི་ཐད་ཀྱི་བྱུང་རིམ་ལ་རྒྱས་སྤྲོས་མང་པོ་བྱས་ཡོད་ལ་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན། ཡང་སྐྱེས་རབས་སུ་ནོར་བཟང་དང་ཡིད་འཕྲོག་ཁ་བྲལ་རྗེས། ནོར་བཟང་ཡིད་འཕྲོག་འཚོལ་བར་ཕྱིན་པའི་བྱུང་རིམ་ནི་ཅུང་རྒྱས་པ་ཡིན་མོད། སྒྲུང་གཏམ་དུ་དེའི་བྱུང་རིམ་གསལ་པོ་མེད་པར་བསྡུས་འབྲི་བྱས་ཡོད། དེ་བཞིན་དུ་《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དེ་《འཕགས་པ་ནོར་བུ་དོན་གྲུབ་ཀྱི་མདོ་》ལ་དཔེ་བྱས་ནས་བརྩམས་ཤིང་། རྒྱལ་བུས་མིག་སྦྱིན་པའི་བྱུང་རིམ་ནི་《རྒྱལ་པོ་མིག་འབྱེད་ཀྱི་སྐྱེས་རབས་》སོགས་ལས་བླངས་པར་མངོན་ལ། གཞན་དུ་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཆུང་མ་སྦྱིན་པའི་བྱུང་རིམ་དེ་《དཔག་བསམ་འཁྲི་ཤིང་》གི་ཡུལ་འདབ་གཉིས་པ་《དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་》ཞེས་པའི་ནང་འཁོད་རྒྱལ་པོ་དཔལ་གྱི་སྡེས་རང་གི་ཆུང་མ་རྒྱལ་བའི་འོད་དེ་བྲམ་ཟེ་ཞིལ་སྦྱིན་པའི་བྱུང་རིམ་དང་གཉིས་སུ་མེད། 《པདྨ་འོད་འབར་གྱི་རྣམ་ཐར་》ནི་སྟོན་པའི་འཁྲུངས་རབས་གཏམ་རྒྱུད་《རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་སྐྱེས་རབས་》ཞེས་པ་ལ་དཔེ་བྱས་ནས་བརྩམས་ཏེ་རྩོམ་པ་པོས་བསྒྱུར་བཅོས་དང་ཁ་སྣོན་བྱས་པ་ཡིན་ལ། གཏམ་རྒྱུད་ཀྱི་ཕྱེད་སྔ་མ་《འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》ཞེས་པའི་ནང་འཁོད་བྱང་ཆུབ་སེམས་དཔས་ཚོང་པ་ལྔ་བརྒྱ་སྲིན་ཡུལ་ལས་བསྐྱབས་པའི་སྐྱེས་རབས་གཏམ་རྒྱུད་ལས་བླངས་པ་ཞིག་རེད།
          གཞན་ཡང་། འཁྲབ་གཞུང་སྒྲུང་གཏམ་ཕན་ཚུན་ཞིབ་བསྡུར་བྱས་ཚེ། བྱུང་རིམ་གྱི་ཐད་དུ་ཕན་ཚུན་ལད་མོ་བྱས་པའི་སྣང་ཚུལ་འབྱུང་སྟེ། དཔེར་ན། 《རྒྱ་བཟའ་བལ་བཟའི་རྣམ་ཐར་》དུ་བློན་པོ་མགར་གྱིས་རྒྱའི་བུ་མོ་ལྔ་བརྒྱའི་གྲས་ནས་ཀོང་ཇོ་འདེམས་ཚུལ་དང་། 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》ལས་ནོར་བཟང་གིས་དྲི་ཟའི་བུ་མོ་ལྔ་བརྒྱའི་གྲས་ནས་ཡིད་འཕྲོག་ལྷ་མོ་འདེམས་ཚུལ་གཉིས་ཤིན་ཏུ་འདྲ་པོ་ཡོད་པ་ལྟ་བུ་རེད། མ་ཟད་《གཟུགས་ཀྱི་ཉི་མའི་རྣམ་ཐར་》དུ་གཤེད་མ་གསུམ་པོས་གཟུགས་ཀྱི་ཉི་མའི་ཡན་ལག་རྣམས་ལྕགས་སྒྲོགས་གིས་བསྡམས་ཤིང་ན་བཟའ་རྣམས་ཕུད། མཛེས་པའི་རྒྱན་རྣམས་བཀྲོལ་ནས་ཚེར་མའི་ལྕུག་གིས་བརྡུངས། རེ་བ་ནག་པོའི་གོས་ཀྱིས་སྐུ་སྨད་དཀྲིས། སྐེ་ལ་ཞགས་པ་ནག་པོ་བརྒྱབ་ནས་གཤེད་མ་རྣམས་ཀྱིས་སྔ་ཐག་ཕྱི་ཐག་བྱས་ཏེ་ཕོ་བྲང་གི་ཕྱིར་ཁྲིད་ཡོང་ཤིང་དུར་ཁྲོད་ཆེན་པོ་ཁྲག་མཚོ་འཁོལ་བ་ཞེས་བྱ་བ་འཇིགས་སུ་རུང་བའི་གནས་དེར་གསོད་པར་འཁྲིད་པའི་བྱུང་རིམ་དང་། 《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དུ་གཤེད་མ་རྣམས་ཀྱིས་རྒྱལ་བུ་བཟུང་སྟེ་སྐུ་ལུས་གཅེར་བུ་བྱས་ཤིང་ཕྱག་གཉིས་རྒྱབ་ཏུ་བཅིངས། མགུལ་ལ་ཐག་པ་བཏགས་ནས་ཕོ་བྲང་གི་ཕྱིར་བསྐོར་བར་འཁྲིད་ཅིང་། བདུད་རི་ཧ་ཤང་དུ་ཡུལ་སྤྱུགས་བྱས་པའི་བྱུང་རིམ་གཉིས་ཧ་ཅང་འདྲ་པོ་ཡོད་པ་རེད།
          གཉིས།  ཐུབ་པའི་སྐྱེས་རབས་སུ་མཚན་ནས་རྨི་ལམ་ལ་བརྟག་པ་བརྒྱུད་ནས་གཏམ་རྒྱུད་དུ་དོན་ཅི་ཞིག་འབྱུང་བའི་སྔོན་བརྡ་བཏང་ཡོད་པ་དཔེ་མཚོན་ཙམ་བཀོད་ན།《མངོན་པར་འབྱུང་བའི་སྐྱེས་རབས》སུ་ལྷ་མོ་སྒྱུར་འཕྲུལ་གྱི་རྨི་ལམ་དུ་“རང་གི་དཀུ་ནང་དུ་གླང་པོ་ཆེ་དཀར་པོ་འོད་དང་ལྡན་པ་ཞིག་འདུག་པ་དང་།རང་ཉིད་ནམ་མཁའ་ལ་འགྲོ་བ་དང་།རི་རབ་ལ་གྱེན་དུ་འཛེགས་པ་དང་།སྐྱེ་བོ་ཆེ་དྲག་མང་པོས་ཕྱག་འཚལ་ཞིང་འདུད་པ་སོགས་རྨིས།མཚན་མཁན་ལ་ཞུས་པས།ཁྱེའུ་འདི་ཁྱིམ་དུ་བཞུགས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཏུ་འགྱུར་ངེས།རབ་ཏུ་བྱུང་ན་བླ་ན་མེད་པའ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བའི་བླ་མ་ཆེན་པོར་འགྱུར་རོ་ཞེས་སྨྲས་ནས།མིང་ཡང་ཤཱཀྱ་ཐུབ་པ་ཞེས་གསོལ་ལོ།”ཟེར་བ་ལྟ་བུར་མཚོན་ན།གཏམ་རྒྱུད་ཀྱི་འགོ་གླེང་མ་ཐག་ལྷ་མི་སྒྱུ་འཕྲུལ་མའི་རྨི་ལམ་དང་ཀཱཀྱ་ཐུབ་པའི་མཚན་གྱི་ཡོན་ཏན་བརྗོད་པར་བརྟེན་ནས་དེ་གཏམ་རྒྱུད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་ཡང་ན་འགྲོ་བའི་བླ་མ་ཆེན་པོར་འགྱུར་བ་ཉན་པ་པོའམ་ཀློག་པ་པོ་རྣམས་ལ་སྔོན་བརྡ་ཞིག་བཏང་བ་རེད།དེ་བཞིན་དུ་《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར》ལས་།བཙུན་མོ་དགེ་ལྡན་བཟང་མོའི་རྨི་ལམ་དུ་“རང་གི་སྦྱི་བོར་གསེར་གྱི་རྡོ་རྗེ་འབར་བ་སྐྱེས་པ་དང་།རྡོ་རྗེའི་རྩེ་མོ་དགུང་ལ་རེག་ཅིང་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ་པ།འཇའ་དང་འོད་ཀྱི་གུར་ཁང་ཕུབ་པ།བར་སྣང་སྟོང་གསུམ་དུ་དུང་དཀར་འབུད་པ་སོགས་རྨིས།ཡབ་རྒྱལ་པོ་ས་སྐྱོང་གྲགས་པ་ལ་ཞུས་པས།གསེར་གྱི་རྡོ་རྗེ་འབར་བ་སྐྱེས་པ་དེ་ས་གཞི་སྐྱོང་བའི་རྒྱལ་པོ་གཅིག་འབྱུང་བ་ཡིན་ཞིང་།འཇའ་དང་འོད་ཀྱི་གུར་ཁང་ཕུབ་པ་ནི་སངས་རྒྱས་སྤྲུལ་བའི་སྐུ་གཅིག་འབྱོན་པ་ཡིན་ལ།བར་སྣང་སྟོང་གསུམ་དུ་དུང་དཀར་འབུད་པ་དེ་སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས་པའི་རྟགས་ཡིན་ཞེས་སྨྲས་ནས།མཚན་ཡང་དྲི་མེད་ཀུན་ལྡན་ཞེས་བྱ་བར་བཏགས་སོ།།”ཟེར་བ་ལྟ་བུར་མཚོན་ན།བཙུན་མོ་དགེ་ལྡན་བཟང་མོའི་རྨི་ལམ་ལ་བརྟག་པ་བརྒྱུད་ནས་དེ་གཏམ་རྒྱུད་དུ་ས་གཞུ་སྐྱོང་བའི་རྒྱལ་པོར་འགྱུར་བ་སྔོན་བརྡ་ཞིག་བཏང་ཡོད་པ་ལྟ་བུ་རེད།ཡང་《འགྲོ་བ་བཟང་མོའི་རྣམ་ཐར་》དུ།ཡུམ་བྲམ་ཟེ་མཛེས་སྡུག་མ་ནུབ་མོ་ཉལ་བའི་རྨི་ལམ་ཤིན་ཏུ་བཟང་ནས་ཡབ་བྲམ་ཟེ་བློ་བོར་ཞུས་ཏེ་བརྟག་དཔྱད་བྱས་པ་དེར་མཚོན་ན།དེ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་བྱེད་ཀྱི་གནད་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ།གཏམ་རྒྱུད་ཀྱི་ནངདོན་གཙོ་བོ་སྟེ་འགྲོ་བ་བཟང་མོའི་སྐྱེ་བ་དང་དེས་འགྲོ་བའི་དོན་ཅི་ཞིག་བསྒྲུབ་པ་སྔོན་ལ་མདོར་བསྡུས་སུ་བརྗོད་ཅིང་འགྲོ་བ་བཟང་མོའི་ཡོན་ཏན་ཡང་བསྟན་ཡོད་པ་རེད།དེ་མིན་《རྒྱ་བཟའ་བལ་བཟའི་རྣམ་ཐར་》དང་《གཅུང་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར་》《སྣང་ས་འོད་འབུམ་གྱི་རྣམ་ཐར་》སོགས་སུ་ཡང་གོང་དང་རིགས་འདྲ་བ་མཐོང་རྒྱུ་ཡོད།
          སྤྱིར་རྨི་ལམ་ལ་བརྟག་པའི་སྲོལ་ནི་མི་རིགས་ཀུན་ལ་ཐུན་མོང་དུ་ཡོད་ནས།རྩོམ་ལུགས་དེར་ཐུབ་པའི་སྐྱེས་རབས་ཀྱི་ཤན་ཞུགས་ཡོད་ཅེས་ཁ་ཚོན་གཅོད་དཀའ་མོད།ལྷ་མོའི་འཁྲབ་གཞུང་དང་ཐུབ་པའི་སྐྱེས་རབས་སུ་བཀོད་པའི་རྨི་ལམ་གྱི་ནང་དོན་དང་དེའི་འགྲེལ་སྟངས།འགོད་སྟངས།བསམ་བློའི་ནང་དོན་སོགས་ཧ་ཅང་འདྲ་བས་དེ་དག་ལ་དཔེ་བལྟས་པ་འབའ་ཞིག་རེད་སྙམ་མོ།།
བཞི་པ། མི་སྣའི་བརྙན་གཏོད་པའི་ཐད་ལ་ཤན་ཞུགས་པ།
          ཐུབ་པའི་སྐྱེས་རབས་ཀྱི་ཁྲོད་ན་ཡོད་པའི་མི་སྣ་གཙོ་ཆེ་བ་དག་ནི་བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་མ་སོགས་ཀྱི་སྤྲུལ་པ་ཡིན་པར་བཤད་ཅིང་། བྱམས་སྙིང་རྗེ་དང་ལྡན་ཞིང་གཏོང་ཕོད་ཆེ་བ། བརྩོན་འགྲུས་ཆེ་བ། གཞན་ཕན་གྱི་ཆེད་དུ་ཅི་ཡང་གཏོང་ཐུབ་པ། ཞི་བ་ལ་དགའ་བ། སྡིག་པར་མཛེམ་པ། བཟོད་བསྲན་ཆེ་བའི་རང་གཤིས་ཅན་དང་། མཐོ་སྲིད་རྩེ་ནས་དམའ་མནར་མེད་བར་དུ་ཅི་འདོད་དུ་བགྲོད་ཐུབ་ཅིང་འབྱུང་བཞི་ལ་དབང་བསྒྱུར་བ་སོགས་རྫུ་འཕྲུལ་དང་ནུས་མཐུ་བློ་ཡུལ་ལས་འདས་པ་མངའ་ལ། ལྷ་ཀླུ་འདྲ་གསུམ་ཅི་ཡང་སྲིད་ལ་ཅི་ཡང་སྣང་བའི་འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་དང་། རབ་བཏགས། འུད་བརྗོད་སོགས་ཀྱི་ཐབས་ལ་བརྟེན་ནས་མི་སྣའི་སྣང་བརྙན་བཏོད་ཡོད། དེས་ལྷ་མོའི་འཁྲབ་གཞུང་ལའང་ཤན་ཆེན་པོ་ཞུགས་ཡོད་པ་གཤམ་དུ་ཕྱོགས་དུ་མ་ནས་བསྟན་ཆོག་སྟེ།
          གཅིག འཆར་སྣང་དང་འུད་བརྗོད་པའི་ཐབས་ལ་བརྟེན་ནས་མི་སྣའི་མཐུ་དང་ཆེ་བ་བརྗོད་པ། དཔེར་ན། 《དཔལ་གྱི་སྡེའི་རྟོགས་པ་བརྗོད་པ》ཞེས་པ་ལས། “རྒྱལ་པོ་དཔལ་གྱི་སྡེས་བྲམ་ཟེར་ཞིག་ལ་ལུས་སྦྱིན་པར་ཁས་བླངས་ཏེ་སོག་ལེ་རྣོ་ཞིང་རྩུབ་པས་རྒྱལ་པོའི་ལུས་ཕྱེད་བཅད་པའི་ཚེ། ས་རྣམས་གཡོ་ཞིང་སྐར་མདའ་འཁྲུག་པ་དང་། གཟའ་སྐར་རྣམས་ལས་སྒྲ་སྒྲོག་ཅིང་མཆི་མ་འདོན། ཉི་མ་རྡུལ་གྱིས་འགྲིབ། མི་ཐམས་ཅད་ངུ་ཞིང་བརྒྱལ་ལོ”ཞེས་དང་། 《གཙུག་ན་ནོར་བུའི་རྟོགས་བརྗོད་པ་》ཞེས་པ་ལས། “རྒྱལ་པོ་གསེར་གྱི་གཙུག་ཕུད་དེའི་བཙུན་མོ་མཛེས་ལྡན་མར་ཁྱེའུ་གཙུག་ན་ནོར་འཁྲུངས་པ་དེའི་ཚེ། ནམ་མཁའ་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང་གདུགས་རྒྱལ་མཚན། བ་དན་རླུང་གཡབ་སོགས་ཀྱིས་མཆོད་པར་བྱེད་དོ”ཞེས་དང་། ཡང་《རྒྱལ་པོ་ང་ལས་ནུའི་རྟོགས་པ་བརྗོད་པ》ཞེས་པ་ལས། “རྒྱལ་པོ་ང་ལས་ནུ་དེ་བསོད་ནམས་ཀྱི་མཐུ་ཆེ་བས་ས་ལ་མ་རྨོས་པའི་འབྲུ་སྨིན། ནམ་མཁའ་རིན་པོ་ཆེའི་གོས་ཀྱིས་ཁྱབ། ཞག་བདུན་གསེར་གྱི་ཆར་པ་བབས། རྒྱལ་པོའི་དམག་དཔོན་དང་དཔའ་བོ་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་སྡེ་ཆེན་པོ་དང་བཅས་ནམ་མཁར་བགྲོད་དེ་ཤར་ལུས་འཕགས་གླིང་དུ་ཕྱིན”ཞེས་པ་སོགས་འཆར་སྣང་དང་འུད་བརྗོད་ཀྱི་ཐབས་ལ་བརྟེན་ནས་མི་སྣ་དེ་དག་ནི་གཞན་ལས་ཁྱད་དུ་འཕགས་པར་སྟོན་ཞིང་། འཇིག་རྟེན་གྱི་གནས་ལུགས་དངོས་ཀྱི་ཚད་ལས་བརྒལ་ཏེ་མི་སྣ་དེའི་བསོད་ནམས་ཀྱི་མཐུ་དང་དཔལ་ཡོན་བརྗོད་པ་ཡིན། རང་རེའི་ལྷ་མོའི་འཁྲབ་གཞུང་དུའང་སྔ་མ་ཇི་བཞིན་མཐོང་རྒྱུ་ཡོད་དེ། དཔེ་མཚོན་ཙམ་བཀོད་ན། 《གཟུགས་ཀྱི་ཉི་མའི་རྣམ་ཐར》དུ། “ཡབ་སྒོམ་ཆེན་གྲོངས་པ་དེའི་དུས་ཕྱོགས་རྣམས་འཇའ་དང་འོད་ཀྱིས་ཁེངས། རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབས། ས་རྣམས་རབ་ཏུ་གཡོས། ཁྱད་པར་སྤུར་གདུང་ལ་སྐུ་དང་རིང་བསྲེལ་དཔག་ཏུ་མེད་པ་འཁྲངས་སོ།། དེ་རྣམས་ཀྱི་ནང་ནས་ཐུགས་རྗེ་ཆེན་པོའི་སྐུ་ཚོན་གང་བ་གཅིག་དང་རིང་བསྲེལ་མ་གྷ་ཏའི་བྲེ་གང་འདུག་པ་ཕལ་ཆེར་ལྷ་ཡུལ་དུ་གདན་དྲངས་སོ”ཞེས་དང་། ཡང་དེ་རང་ལས། “བྲམ་ཟེ་མ་གཟུགས་ཀྱི་ཉི་མ་རྒྱལ་པོ་ཟླ་བའི་སེང་གེའི་བཙུན་མོར་མངའ་གསོལ་བས་ན། འདབ་ཆགས་ཀ་ལ་པིང་ཀ་ལ་སོགས་པའི་བྱ་རྣམས་ཀྱང་སྐད་སྙན་པར་སྒྲོགས། ཤིང་ལྗོན་རྣམས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་སྨིན། མེ་ཏོག་གསར་པ་རྣམས་དུས་གཅིག་ལ་ཁ་ཕྱེ། འབྲུ་རྣམས་ཀྱང་ཕལ་ཆེར་ས་བོན་མ་བཏབ་ཀྱང་སྨིན་པ་ལ་སོགས་པའི་ལྟས་ཕུན་སུམ་ཚོགས་པས་ཕྱོགས་ཐམས་ཅད་ཁྱབ་པར་གྱུར་ཏོ”ཞེས་བཀོད་ཡོད། གཞན་ཡང་《གཅུང་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར་》ལས། “རྒྱལ་བུ་དོན་ཀུན་གྲུབ་པ་ཡུམ་ཀུན་བཟང་མའི་མངལ་དུ་ཆགས་པ་དེའི་ཚེ་མེ་ཏོག་གི་ཆར་བབས། འཇའ་འོད་ཀྱི་གུར་ཁང་ལ་སོགས་པའི་ལྟས་བཟང་པོ་ཡང་དང་ཡང་དུ་བྱུང་ཞིང་། ཁྱད་པར་དུས་བཟང་བྱུང་རིགས་ལ་ལྷ་མོ་དར་དཀར་ཀྱི་ན་བཟའ་གསོལ་བ་ཞིག་གིས་སྐུ་ཁྲུས་གསོལ་བ་མི་ཀུན་གྱིས་མངོན་སུམ་དུ་མཐོང་བ་བྱུང་ངོ་”ཞེས་འཁོད་ཡོད་པ་ལྟ་བུ་རེད། དེས་ན་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་སྐབས་བབ་ཀྱི་བརྗོད་པར་བྱ་བའི་གང་ཟག་དེ་ཁྱད་འཕགས་ཅན་ཞིག་ཡིན་པ་དང་། དེར་གཞན་ལས་ལྷག་པའི་བསོད་ནམས་ཀྱི་མཐུ་དང་ཡོན་ཏན་ལྡན་པར་སྟོན་ཆེད། ཐུབ་པའི་སྐྱེས་རབས་ལ་དཔེ་བལྟས་ནས་དེ་དག་སྐུ་འཁྲུངས་པ་དང་ཚེ་ལས་འདས་པ་སོགས་ཀྱི་དུས་དེར་བྱུང་བའི་ལྟས་ལ་འུད་བརྗོད་བྱས་ཡོད་པ་རེད།
          གཉིས། དངོས་ཡོད་དང་འཆར་ཡན་རིང་ལུགས་ཟུང་དུ་སྦྲེལ་བའི་ཐབས་ལ་བརྟེན་ནས་མི་སྣའི་སྣང་བརྙན་བཏོད་པ། དཔེར་ན། 《སྟག་མོ་ལུས་སྦྱིན་》ཞེས་པའི་ནང་དུ། “རྒྱལ་པོ་ཤིང་རྟ་ཆེན་པོའི་སྲས་ཐ་ཆུང་སེམས་ཅན་ཆེན་པོ་ཞེས་བྱ་བ་དེ་ཆུང་ངུ་ནས་བྱམས་དང་སྙིང་རྗེ་ལྡན་ཏེ་ཐམས་ཅད་ལ་བུ་གཅིག་པ་དང་འདྲ། ཉིན་ཞིག་ནགས་ཚལ་གྱི་ནང་དུ་དོང་དོང་བ་ལས། སྟག་མོ་གཅིག་ལ་བུ་བྱུང་ནས་ཞག་ཏུ་ལོན་པ་བཀྲེས་ཤིང་སྐོམ་པས་ཉེན་ཏེ། ཕྱིར་ཡང་རང་གི་བུ་བཟའ་བ་ལ་ཐུག་པ་ཞིག་མཐོང་། སྟག་མོ་འདི་ཤིན་ཏུ་སྡུག་བསྔལ་གྱིས་མནར་ཏེ་ཉམ་ཆུང་ལ་རིད་པས་ཤི་ལ་ཐུག་པ་འདིས་བུ་བྱུང་མ་ཐག་ཀྱང་ཟོས་སུ་འོང་ངོ་སྙམ་ནས་སྙིང་རྗེ་ཚད་མེད་པ་སྐྱེས། དེའི་ཚེ་སེམས་ཅན་ཆེན་པོས་ཤིང་གི་ཚལ་བ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས་སྟག་མོ་ལ་ལྡག་ཏུ་བཅུག་པ་དང་ཁ་ཡང་ཕྱེ་ནས་ལུས་ཀྱི་ཤ་མ་ལུས་པར་ཟོས”ཞེས་དང་། 《རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ་》ཞེས་པའི་ནང་དུ་། “རྒྱལ་པོ་བྱི་མ་སེ་ན་ཞེས་བྱ་བ་ཞིག་རྒྱལ་པོ་ཟླ་འོད་ཀྱི་མཚན་སྙན་གྲགས་ལ་ཕྲག་དོག་སྐྱེས་ནས་དེ་མེད་པར་བྱ་དགོས་སྙམ་པ་དང་། དེས་རྒྱལ་པོ་ཟླ་འོད་ཀྱི་མགོ་བཅད་དེ་འོང་ན་རྒྱལ་སྲིད་ཕྱེད་ཀྱང་སྦྱིན་ཞིང་བུ་མོའང་སྦྱིན་ནོ་ཞེས་བཀར་བཏགས་པ་ལ་བྲམ་ཟེ་ལེའུ་དེ་ཅ་ཞེས་བྱ་བས་ཐོས་ནས་མགོ་བོ་སློང་དུ་སོང་བས་རྒྱལ་པོ་དཔེ་མེད་པར་དགའ་ནས་མགོ་བོ་སྦྱིན་པར་བཏང་”ཞེས་བཀོད་པ་དག་ནི་ཐུབ་པའི་སྐྱེས་རབས་ཀྱི་མི་སྣའི་སྣང་བརྙན་སྐྲུན་ཐབས་ཁྱད་པར་ཅན་ཞིག་ཡིན་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཀྱང་རེད། དེ་དང་མཚུངས་པར་《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དུ། དྲི་མེད་ཀུན་ལྡན་ནི་མངའ་འབངས་ལ་བྱམས་སྙིང་རྗེ་ལྡན་པ་དང་གཏོང་སེམས་ཆེ་བ། འཁྲུག་རྩོད་ལ་མི་དགའ་བ། རྒྱལ་སྲིད་ཚུལ་བཞིན་སྐྱོང་བའི་རྒྱལ་པོ་ཞིག་ཡིན། ཉིན་ཞིག་རྒྱལ་བུ་མེ་ཏོག་ལྡུམ་རྭར་བཅུག་པ་བཞིན་མིག་ཅེ་རེར་རྒྱལ་བུ་ལ་ལྟ་ཞིང་འདུག་པས། རྒྱལ་བུས་སྙིང་རྗེ་ཆེན་པོ་སྐྱེས་ནས་སྤྱན་ཆབ་བསིལ། དེ་དག་གི་སྡུག་བསྔལ་སེལ་ཕྱིན་ནོར་བུ་དགོས་འདོད་དཔུང་འཇོམས་དང་བཅས་པའི་ནོར་རྣམས་ཅི་དགར་སྦྱིན་པ་བཏང་། རང་གི་ཆུང་མ་དང་སྲས་མིང་སྲང་གསུམ། ཐ་ན་རང་གི་སྤྱན་ལ་སོགས་པའང་ཡོངས་སུ་བཏང་ཚུལ་དང་། 《སྣང་ས་འོད་འབུམ་གྱི་རྣམ་ཐར་》དུ་ཆོས་དང་འཇིག་རྟེན་གྱི་ལས་ལ་མཁས་པའི་བུ་མོ་སྣང་སས་སྙིད་མོ་ནེ་ཙོའི་མནར་གཅོད་དང་དཔོན་པོ་སྒྲ་ཆེན་ཡབ་སྲས་ཀྱི་གཅར་རྡུང་ཚད་མེད་པ་མྱངས་པས་གྲོངས་པ་དང་། དེ་ནས་སླར་མི་ཡུལ་དུ་འདས་ལོག་བྱུང་སྟེ་སེམས་ཅན་ལ་ཆོས་བསྟན་ནས་སྨིན་གྲོལ་ལ་བཀོད་ཚུལ་སོགས་ནི་ཐུབ་པའི་སྐྱེས་རབས་དང་ཤིན་ཏུ་མཐུན་པས་དེ་དག་གི་ཤན་ཞུགས་ཐད་ཀར་ཐེངས་པ་ཤ་སྟག་རེད།
          གསུམ། ལོངས་སྤྱོད་ཕུན་སུམ་ཚོགས་པ་མངའ་བར་བརྗོད་པ་ལ་བརྟེན་ནས་མི་སྣའི་རང་གཤིས་ཁྱད་དུ་འཇགས་པར་སྟོན་པ་དཔེ་མཚོན་ཙམ་བཀོད་ན། 《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དུ་སྟོབས་དང་ལྡན་པའི་རྒྱལ་པོ་དེ་ལ་བློན་པོ་སུམ་སྟོང་རྒྱལ་ཕྲན་དྲུག་ཅུ། ནོར་བུ་བསམ་འཕེལ་ལ་སོགས་པའི་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་ལ། རིགས་རྒྱུད་དང་ལྡན་པའི་བཙུན་མོ་ལྔ་བརྒྱ། ནོར་ལོངས་སྤྱོད་དང་ལྡན་པའི་བཙུན་མོ་ལྔ་བརྒྱ། ཤིན་ཏུ་མཛེས་པའི་བཙུན་མོ་ལྔ་བརྒྱ་ཡོད་ཚུལ་བརྗོད་ཀྱང་རྒྱལ་བུ་དྲི་མེད་ཀུན་ལྡན་དེ་དག་ལ་ཆགས་པ་སྤུ་ཙམ་ཡང་མེད་པར་རིང་དུ་སྤངས་ནས་བསམ་གཏན་གྱི་བདེ་བ་མྱོང་དུ་སོང་བ་དང་། ཡང་《གཟུགས་ཀྱི་ཉི་མའི་རྣམ་ཐར་》དུ་རྒྱལ་པོ་ཟླ་བའི་སེང་གེ་ལ་མངའ་ཐང་གི་དབང་དུ་བྱས་ན་འབངས་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག ནོར་བུ་རིན་པོ་ཆེའི་བང་མཛོད་སུམ་བརྒྱ་དྲུག་ཅུ། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། འདོད་དགུ་འབྱུང་བའི་བསམ་གཏན་གྱི་ལྷུང་བཟེད། རྟ་ངང་པ་འཕུར་ཤེས། གླང་པོ་ཆེ་རབ་བརྟན་སྣ་ལི་ཁྲི་ལྟར་དམར་བ། འདོད་འཇོའི་བ། མ་ཧེ་ཞ་མོ་ཆེ། སྨྲ་མཁན་ནེ་ཙོ། ཕག་པ་ཕལ་ཀ སྒོ་ཁྱི་འཛིན་ཤེས་གཏོང་མི་ཤེས། རྫུ་འཕྲུལ་གྱི་ཞགས་པ། འཕེལ་འགྲིབ་མེད་པའི་མེ་ཏོག་ལྡུམ་ར་སོགས་ལོངས་སྤྱོད་བསམ་གྱི་མི་ཁྱབ་པ་ཡོད་ཀྱང་། མཐར་དེ་དག་སྡུག་བསྔལ་གྱི་རྒྱུ་རུ་མཐོང་ནས་གཟུགས་ཀྱི་ཉི་མ་དང་རྒྱལ་པོ་ཟླ་བའི་སེང་གེ་ལ་སོགས་པ་བདེ་བར་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བར་བརྗོད་ནས་མི་སྣའི་རང་གཤིས་ཚད་མཐོན་པོའི་སྒོ་ནས་མཚོན་པར་བྱས་ཡོད་པ་རེད། དེ་རྣམས་དང་འདྲ་བར་《མེ་སྐྱེས་ཀྱི་རྟོགས་པ་བརྗོད་པ》ཞེས་པའི་ནང་དུ། ཁྱིམ་བདག་རབ་བཟང་གི་བུ་མེ་སྐྱེས་ལ་སྔོན་གྱི་བསོད་ནམས་ཀྱིས་འབྱོར་པ་སྲིད་ན་འགྲན་ཟླ་མེད་པ་བྱུང་ཡང་། ཁོང་གིས་ནོར་དང་ལོངས་སྤྱོད་ནི་རང་ཉིད་འཁོར་བར་འཆིང་བ་དང་། རང་གཞན་ཀུན་སྡིག་པ་ལ་སྦྱོར་བའི་རྒྱུ་ལས་མི་འདུག་སྙམ་ནས་ནོར་རྫས་རྣམས་དབུལ་ཕོངས་ལ་ཡོངས་སུ་རྫོགས་པར་སྦྱིན་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་རབ་ཏུ་བྱུང་ཚུལ་བསྟན་པ་དང་། 《རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ་》ཞེས་པ་ལས། “རྒྱལ་པོ་ཟླ་འོད་ཅེས་བྱ་བ་འཛམ་བུའི་གླིང་ལ་དབང་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། ལྗོངས་སྟོང་ཕྲག་དྲུག་ཅུའི་ནང་ན་གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་ལ་དབང་བྱེད་པ། དེ་ལ་བཙུན་མོ་སྟོང་ཕྲག་ཉི་ཤུ། རྒྱལ་བུ་ལྔ་བརྒྱ། སྐྱེད་མོས་ཚལ་གྱི་ནང་ན་གསེར་དང་། དངུལ་དང་། བེེཌཱུརྱ་དང་། ཤེལ་གྱི་ཤིང་ཚར་བཞི་ཡོད། ཁ་ཅིག་གི་ཡལ་ག་ནི་གསེར། ལོ་མ་ནི་དངུལ། ཁ་ཅིག་གི་ཡལ་ག་ནི་དངུལ། ལོ་མ་ནི་གསེར། ཁ་ཅིག་གི་ཡལ་ག་ནི་བེེཌཱུརྱ་ལོ་མ་ནི་ཤེལ། ཁ་ཅིག་གི་ཡལ་ག་ནི་ཤེལ་ལོ་མ་ནི་བེེཌཱུརྱ་སྟེ། རིན་པོ་ཆེའི་རྫིང་རྣམས་ཀྱང་གསེར་དང་། དངུལ་དང་། བེེཌཱུརྱ་དང་། ཤེལ་ལས་བྱས་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བཞིའི་བྱེ་མས་བརྡལ་ཏེ་རྒྱལ་པོའི་ཕོ་བྲང་དང་ཉི་ཚེ། ཁོ་ར་ཁོར་ཡུག་དཔག་ཚད་བཞི་བཅུའི་བར་དུ་གསེར་དང་། དངུལ་དང་། བེེཌཱུརྱ་དང་། ཤེལ་ལས་བྱས་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བཞིའི་བྱེ་མས་བརྡལ་ཏེ་རྒྱལ་པོའི་ཕོ་བྲང་དང་ཉི་ཚེ། ཁོ་ར་ཁོར་ཡུག་དཔག་ཚད་བཞི་བཅུའི་བར་དུ་གསེར་དང་། དངུལ་དང་། བེེཌཱུརྱ་དང་། ཤེལ་གྱིས་ཆལ་བར་བཀང་ངོ་།།”ཞེས་རྟོགས་བཟོ་དང་འུད་བརྗོད་ཀྱིས་རྒྱལ་པོ་ཟླ་འོད་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་མངའ་བར་བརྗོད་ཅིང་། མཐར་རྒྱལ་པོས་འགྲོ་བ་ཐམས་ཅད་ལ་བྱམས་སྙིང་རྗེས་རྗེས་སུ་བཟུང་སྟེ་ནོར་རྣམས་སྦྱིན་པས་སེམས་ཅན་དག་སྡུག་བསྔལ་ལས་གྲོལ་བར་མཛད་པར་མ་ཟད། གཞན་གྱི་བདེ་བའི་ཆེད་དུ་རང་གི་མགོ་བོའང་སྦྱིན་པར་གཏོང་ཚུལ་བརྗོད་ནས་མི་སྣའི་སྣང་བརྙན་བཏོད་ཡོད་པ་རྣམས་ནི་གཟུགས་བརྙན་འཕོས་པའི་རི་མོ་བཞིན་དུ་སྣང་ངོ་།
          བཞི། མཚན་དཔེ་ཞིབ་འབྲི་བྱེད་པའི་ཐབས་ལ་བརྟེན་ནས་མི་སྣའི་སྣང་བརྙན་བཏོད་པ། ཐུབ་པའི་སྐྱེས་རབས་སུ་མི་སྣ་གང་དེའི་སྣང་བརྙན་སྐྲུན་པ་ལ་དེའི་མཛེས་སྡུག་ནི་ལྷའི་བཟོ་བོ་མཁས་པ་སྦྱངས་པ་ཕུལ་དུ་ཕྱིན་པས་རི་མོར་བྲིས་ཀྱང་འབྱུང་དཀའ་བ་དང་། མགོ་གདུགས་ལྟ་བུ་དང་ལྡན་པ། དཔྲལ་བ་དབྱེས་ཆེ་བ། སྣའི་གཟེངས་མཐོ་བ། སྨིན་མ་འཛར་བ། སྐྲ་ལོ་མཐོན་མཐོང་ཡིན་པ། རྐང་པ་གཡོན་གྱི་མཐིལ་ན་རྟའི་རི་མོ་ཡོད་པ། རྐང་པ་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ་སོགས་སུ་ཞིབ་འབྲི་བྱས་ནས་དེའི་ཕྱིའི་གཟུགས་བྱེད་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པར་བརྗོད་ཡོད་པ་དཔེ་མཚོན་ཙམ་བཀོད་ན། 《རྒྱལ་པོ་མེ་ལོང་གདོང་གི་གཏམ་རྒྱུད་》ཀྱི་ནང་དུ། “བཙུན་མོ་ཆེན་མོ་ལས་བུ་ཞིག་བཙས་ཏེ་ལུས་གསེར་གྱི་ཁ་དོག་ཅན་སྐྲ་མཐོན་མཐིང་ལྟ་བུ། ལག་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ཡོད་པ། རྐང་པ་གཡོན་གྱི་མཐིལ་ན་རྟའི་རི་མོ་ཡོད་པ། རྐང་པ་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ། བསོད་ནམས་དང་མཚན་དུ་མ་ལྡན་པ་ཞིག་བཙས་ཏེ་མིང་ཡང་མེ་ལོང་གདོང་ཞེས་བྱ་བར་བཏགས་སོ།”ཞེས་པ་ལྟ་བུ་རེད། དེ་བཞིན་དུ《གཟུགས་ཀྱི་ཉི་མའི་རྣམ་ཐར་》དུ། “བུ་མོ་དེ་གཟུགས་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ། མཁུར་ཚོས་གཡས་པ་ལ་གསེར་གྱི་རྡོ་རྗེ་རིས། གཡོན་པ་ལ་དངུལ་གྱི་པདྨ་རིས། དཔྲལ་བ་ལ་ནོར་བུ་རིན་པོ་ཆེའི་གཟུགས། སྣ་རྩེ་ལ་མཚལ་གྱི་ཉི་མ་རིས། ཨོལ་སྐོ་ལ་ཤེལ་གྱི་ཟླ་བ་རིས། སོ་དུང་སོ་འཁོར་བ་ལ། ཞལ་ནས་ཙན་དན་གྱི་དྲི་བྲོ་བ། སྐུ་ཤ་དཀར་ལ་དམར་བའི་མདངས་དང་ལྡན་པ། མིའི་བུ་མོ་མི་འདྲ་བ་ལྷའི་སྲས་མོ་འདྲ་བ་གཅིག་”ཅེས་དང་། 《རྒྱ་བཟའ་བལ་བཟའི་རྣམ་ཐར་》ལས། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་དེ་ནི་“སྐུ་མདོག་སྔོ་ལ་དམར་མདངས་ཆགས་པ་དང་། ཞལ་ན་ཨུཏྤལ་སྔོན་པོའི་དྲི་བྲོ་བ། ལུས་དྲི་ཞིམ་པས་གཡུ་ཡི་སྦྲང་མ་ཞིག་འཁོར། མཁུར་ཚོས་གཡས་པའི་སྟེང་ན་ཆོ་ལོ་རིས། གཡོན་མའི་སྟེང་ན་པདྨའི་རིས། དཔྲལ་བའི་དཀྱིལ་ན་སིན་དྷུ་རའི་ཐིག་ལེའི་སྟེང་ན་ཨརྱ་ཏ་རེ་ནས་ཙམ་ཞིག་ཡོད། དུང་སོ་དཀར་མོར་སོ་ཞོ་ཡོད”ཅེས་བཀོད་ཡོད་པ་དག་ལ་བརྟགས་ན། བོད་ཀྱི་ཐུབ་པའི་རྗེས་འཇུག་པ་དང་རྩོམ་པ་པོ་རྣམས་ཀྱིས་མི་སྣ་གང་དེའི་སྣང་བརྙན་འགོད་པ་ལ་ཐུབ་པའི་སྐྱེས་རབས་རྣམས་སུ་གསུངས་པའི་ཐུན་མིན་གྱི་མཚན་དཔེ་དེ་དག་ཚད་གཞིར་བཟུང་ནས་ལད་མོ་བྱས་པ་འབའ་ཞིག་ཏུ་སེམས་སོ།
ལྔ་པ། བསམ་བློའི་འདུ་ཤེས་ཀྱི་ཐད།
          ཐུབ་པའི་སྐྱེས་རབས་ཀྱི་བརྗོད་བྱ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་གཞི་ཡིན་ཞིང་། ཁོང་གིས་ཆོས་ཀྱི་གནས་ལུགས་ཟབ་མོ་དེ་དག་བདེ་བླག་ཏུ་རྟོགས་ཆེད་དམངས་ཁྲོད་གཏམ་རྒྱུད་དུ་བཅོས་ནས་ཁྱབ་བསྒྲགས་བྱས་པའི་དབང་གིས། དེ་དག་ཏུ་བྱམས་སེམས་དང་སྙིང་རྗེ། དྲང་བདེན། བརྩེ་བ། གཞན་ཕན་གྱི་བསམ་བློ་སོགས་མི་དམངས་ཀྱི་བརྩེ་དུང་དང་རེ་ལྟོས་མཚོན་པའི་དད་སྨོན་གྱི་ཡུལ་ལྷག་མེད་དུ་མཚོན་ཡོད་དེ། དཔེར་ན། 《དེད་དཔོན་སྦྱིན་པ་ཆེན་པོའི་རྟོགས་བརྗོད་པ་》ལས། དེད་དཔོན་སྦྱིན་པ་ཆེན་པོས་འགྲོ་བ་མང་པོའི་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་ཕྱིར་རྒྱ་མཚོའི་གླིང་དུ་ཞུགས་ཏེ་ཡིད་བཞིན་ནོར་བུ་ཐོབ་ཅིང་། ཕྱིར་རྒྱ་མཚོའི་ངོགས་སུ་ངལ་གསོས་ཡོད་པའི་ཚེ་ཀླུ་རྣམས་ཀྱིས་ནོར་བུ་ངོས་ཟིན་ནས་ཕྱིར་བརྐུས་པ་ལ། ངས་ནོར་བུ་ཕྱིར་མ་ཐོབ་ཀྱི་བར་དུ་ལག་པ་སྟོང་པར་མི་འགྲོ་ཞེས་མཐུ་ཅི་ཡོད་ཀྱིས་རྒྱ་མཚོ་བསྐམ་པར་བྱའོ་སྙམ་ནས་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱད་ཚུལ་དང་། 《པདྨ་ལྡན་གྱི་རྟོགས་པ་བརྗོད་པ་》ལས། རྒྱལ་པོས་སེམས་ཅན་ཐམས་ཅད་ནད་ཡམས་ཀྱི་སྡུག་བསྔལ་ལས་སྐྱོབ་ཕྱིར་རང་གི་སྲོག་ཡོངས་སུ་བཏང་ནས་སེམས་ཅན་གྱི་ནད་གསོ་བའི་སྨན་ཉ་རོ་ཧི་ཏའི་སྐྱེ་བ་བླངས་ནས་ལོ་བཅུ་གཉིས་ཀྱི་བར་དུ་རང་གི་ཤ་ཁྲག་གིས་ནད་པ་རྣམས་ནད་ལས་གྲོལ་བར་བྱས་པ་སོགས་སེམས་ཅན་ལ་བརྩེ་བའི་བྱམས་དང་སྙིང་རྗེ་བསྟན་ཡོད་པ་རེད། དེ་མིན་《རྒྱལ་པོ་མིག་འབྱེད་ཀྱི་སྐྱེས་རབས་》དང་《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་》《སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པ་》《རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པ་》སོགས་སུའང་མི་སྣ་དེ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་དེ་དག་བརྗོད་བྱར་བྱས་ནས་བསྔགས་བརྗོད་མཛད་ཡོད། དེ་དག་ཏུ་བྱམས་དང་སྙིང་རྗེ་ཆེན་པོའི་སྒོ་ནས་གཞན་གྱི་ཆེད་དུ་རང་གི་ལུས་ཕུང་དང་མགོ་བོ། མིག་འབྲས་སོགས་ཀྱང་ཕངས་མེད་དུ་སྦྱིན་པའི་གཞན་ཕན་གྱི་བསམ་བློ་མཚོན་ཡོད་པ་རེད། ཡང་《ནོར་བཟང་གི་སྐྱེས་རབས་》ལས། རྒྱལ་བུ་ནོར་བཟང་དང་ཡིད་འཕྲོག་མ་གཉིས་ཀྱི་ཕན་ཚུན་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དང་། དེ་གཉིས་ཀྱིས་དྲང་བདེན་དང་བརྩེ་དུང་གི་ཆེད་དུ་དཀའ་ཚེགས་དང་བགེགས་བར་ཆད་ཅི་ལ་ཡང་མ་འཛེམ་པར་ཁྱད་བསད་ཐུབ་པའི་རང་གཤིས་བསྟན་ཡོད་པ་རེད། དེ་བཞིན་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》དུ་གོང་དང་འདྲ་བར་ནོར་བཟང་དང་ཡིད་འཕྲོག་མ་གཉིས་ཀྱི་མིང་ལ་ཡིག་འབྲུ་གཅིག་ཀྱང་མི་འདྲ་ས་མེད་ལ། གཏམ་རྒྱུད་ཀྱི་བྱུང་རིམ་ལ་འཕྲི་སྣོན་འོས་འཚམ་རེ་བྱས་ཡོད་པ་མ་གཏོགས། ཐོག་མར་རང་གི་མཛའ་གྲོགས་དང་ཡིད་གཅུགས་ནས་མཛའ་བར་བྱས་ཤིང་ཕྱིས་སུ་བགེགས་བར་ཆད་སོགས་ཀྱིས་དེའི་ཡུན་བསྐྱངས་མ་ཐུབ་པ་སོགས་ཀྱི་བཀོད་པ་གཅིག་མཚུངས་ཡིན། དེ་གཉིས་ཀྱི་རང་གཤིས་ཀྱང་མི་འདྲ་ས་མེད་པ་ལྟ་བུ་རེད། དེར་མ་ཟད་《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དང་《པདྨ་འོད་འབར་གྱི་རྣམ་ཐར་》《གཟུགས་ཀྱི་ཉི་མའི་རྣམ་ཐར་》སོགས་སུའང་གཞན་ཕན་ཁོ་ནར་བསྔོ་ཞིང་ཆོས་ཀྱི་ཆེད་དུ་ཅི་ཡང་གཏོང་ཐུབ་པའི་བྱང་ཆུབ་ཀྱི་སྤྱོད་པ་དེ་དག་ཇི་བཞིན་དུ་མཐོང་རྒྱུ་ཡོད་ལ། བོད་དམངས་ཁྲོད་དུའང་ས་ཁྱབ་རྡོ་ཁྱབ་ཏུ་དར་ཞིང་ད་ལྟའི་བར་དུ་རྒྱུད་མ་ཆད་པ་དེས་ཀྱང་ཤེས་ཐུབ་པ་ལྟར་རོ།
          གཞན་ཡང་། སངས་རྒྱས་པས་འཇིག་རྟེན་གྱི་མི་བདེ་བ་ཐམས་ཅད་དང་སྐྱེ་རྒ་ན་འཆི་ལ་སོགས་པའི་ཚེ་སྲོག་འཕེལ་འགྲིབ་ཀྱི་གོ་རིམ་ཁྲོད་ལྡོག་ཏུ་མེད་པའི་ཆོས་ཉིད་དེ་དག་ཀྱང་སྔོན་བསགས་ལས་ཀྱིས་སྨིན་པའི་སྡུག་བསྔལ་དུ་མཐོང་ཞིང་། དེ་དག་ཞི་བར་བྱེད་པའི་ཐབས་དམ་པ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུའི་འཁོར་བ་དེ་ལས་ལུས་སེམས་ངེས་པར་ཕྱུང་ནས་ཕར་ཕྱིན་དྲུག་ལ་སོགས་པའི་སྤྱོད་པ་ལ་ཉམས་ལེན་མཐར་ཕྱིན་པ་བྱ་རྒྱུ་དེ་ཡིན་པར་གསུངས་ལ། བོད་མི་རིགས་ཀྱི་བསམ་བློའི་སྟེང་ཐུབ་བསྟན་པའི་ལྟ་བ་དེ་དག་གི་བག་ཆགས་ཟབ་མོ་ཞིག་ཆགས་ཡོད། དེས་མ་ཟད་རྒྱ་གར་གྱི་ནང་བསྟན་རིག་གནས་དང་སྒོས་སུ་ཐུབ་པའི་སྐྱེས་རབས་གཏམ་རྒྱུད་དག་བོད་དུ་འགྱུར་བའི་རྒྱུ་མཚན་ལ་བརྟེན་ནས་རང་རེའི་ལྷ་མོའི་ཟློས་གར་སོགས་རྩོམ་རིག་བརྩམས་ཆོས་ནང་དོན་ལ་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ལས་འབྲས་མི་བསླུ་བ། འཁོར་བའི་ཆོས་ལ་སྙིང་པོ་མེད་པ་སོགས་ངེས་འབྱུང་གི་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དཔེར་ན། 《དགེ་སློང་མ་ཨུད་པ་ལའི་ལེའུ་》ཡི་ནང་། ཨུད་པ་ལ་བྱ་བའི་བུད་མེད་ཅིག་གི་སེམས་སྡུག་ཅིང་ཡིད་སྐྱོ་བའི་ངང་ཚུལ་བརྗོད་ཡོད་ལ། ཁོ་མོའི་སྡུག་བསྔལ་དེ་དག་གི་བྱུང་བ་སྔོན་བསགས་ལས་ཀྱིས་ཡིན་ཞིང་དེ་ལས་ཐར་བར་བྱེད་ན་ནི་ཁྱིམ་ལས་རབ་ཏུ་བྱུང་ནས་ཆོས་ཁོ་ན་ཉམས་སུ་ལེན་རྒྱུ་དེ་ཡིན་པར་བསྟན་ཡོད་པ་དང་། 《ཁྱིམ་བདག་དན་བྱི་ལི་》ཞེས་པ་ལས། ཁྱིམ་བདག་དེར་ནོར་དང་ལོངས་སྤྱོད། མངའ་ཐང་སོགས་རྒྱལ་པོ་ལས་ཀྱང་ཕུན་སུམ་ཚོགས་པ་ཡོད་པར་བརྗོད་ཅིང་། དེ་དག་ནི་སྐྱེ་བ་སྔ་མ་དག་གི་ལས་འབྲས་ལ་བརྟེན་ནས་བྱུང་བ་དང་། མཐར་ཁྱིམ་བདག་དེ་སངས་རྒྱས་ལ་དད་པ་ཆེན་པོ་སྐྱེས་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་གོ་འཕངས་ཐོབ་པ་སོགས་བརྗོད་ནས། འཁོར་བའི་ཕུན་ཚོགས་ལ་མ་ཆགས་པར་དམ་པའི་ཆོས་བྱས་ན་འབྲས་བུ་ཆེན་པོ་འབྱུང་བར་བསྟན་ཡོད། དེ་དག་ནི་རྩོམ་རིག་གི་ནང་དུ་མཚོན་པའི་ངེས་འབྱུང་གི་བསམ་བློ་ཤ་སྟག་ཡིན་ལ། དེ་དང་དེ་མཚུངས་ཀྱི་རྣམ་པ་ནི་ངེས་འབྱུང་གི་བསམ་བློ་མཚོན་པའི་རྩོམ་རིག་ཐད་ཀྱི་འབྱུང་ཁུངས་ཡིན་ཏེ། 《སྣང་ས་འོད་འབུམ་གྱི་རྣམ་ཐར་》དུ་བུ་མོ་སྣང་ས་འདས་ལོག་བྱས་ནས་ཆོས་མཛད་པའི་བཀོད་པ་དང་། 《རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》དུ། རྒྱལ་བུས་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེས་ཤིང་འཇིག་རྟེན་གྱི་ཟང་ཟིང་ལ་སྙིང་པོ་ཅི་ཡང་མེད་པར་མཐོང་ནས་ཡོད་ཚད་སྦྱིན་པར་བཏང་བ་དང་། མཐར་རྒྱལ་སྲིད་དང་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཚུལ། 《གཟུགས་ཀྱི་ཉི་མའི་རྣམ་ཐར་》དུ་གཟུགས་ཀྱི་ཉི་མ་དང་རྒྱལ་པོ་ཟླ་བའི་སེང་གེ་སོགས་ཀྱིས་ཆོས་མཛད་དེ་ཁྱིམ་ལས་རབ་ཏུ་བྱུང་བའི་ཚུལ་བཀོད་པ་རྣམས་ནི་མཛུབ་མོས་གར་སྟོན་དུ་ཡོད་དོ།
          མདོར་ན། ཐུབ་པའི་སྐྱེས་རབས་ལས་བྱུང་བའི་རྩོམ་རིག་གིས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ལ་ཕྱོགས་མང་པོ་ནས་ཤན་ཞུགས་ཏེ། སྒྱུ་རྩལ་རྩོམ་རིག་གི་རིན་ཐང་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་སྤྱིའི་འཕེལ་རྒྱས་ལའང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་ཞིག་རེད།