དབུ་ཤོག >> སྐབས་དོན་གསར་འགྱུར།
བཙན་པོའི་དུས་སྐབས་ཀྱི་རྡོ་རིང་སྔོག་འདོན་སྲུང་སྐྱོབ་བྱུང་ཡོད།
རྩོམ་པ་པོ། དུས་ཚོད། 2018-11-27 རྩོམ་ཁུངས། མི་དམངས་དྲ་བ།

        ཟླ་11ཚེས་21ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་ནས་བཙན་པོའི་དུས་སྐབས་སུ་བཙུགས་པའི་བཀའ་གཙིགས་ཀྱི་རྡོ་རིང་ཞིག་སྔོག་འདོན་བྱེད་བཞིན་ཡོད་པ་དང་། རྡོ་རིང་འདིའི་ལྡེབས་སུ་བཙན་པོ་གོང་མ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་མཛད་པ་དང་མཆོག་གསུམ་གྱི་རྟེན་བཞེངས་པ་སོགས་མཛད་པ་རྣམས་དུས་ནམ་ཡིན་ཡང་མ་ཞིག་པར་ད་ཕྱིན་ཆད་གདུང་རབས་རེ་རེ་བཞིན་བཙན་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་དམ་བཅའོ་ཞེས་པའི་ནང་དོན་སོགས་བཀོད་ཡོད། 
        ལྷ་ས་གྲོང་ཁྱེར་ནི་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། དེ་སྔོན་གྲོང་ཁྱེར་མཐའ་རུ་ཆགས་པའི་དཀར་ཆུང་ལྷ་ཁང་ནི་ཁང་བརྩེགས་མཐོན་པོ་དག་གིས་བསྐོར་ཟིན། དགོན་པའི་ལྕགས་རིའི་ནང་དུ། བཟོ་བ་འགའ་ཡིས་ས་བརྐོ་རྡོ་ལེན་བྱེད་བཞིན་པ་སྟེ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་50ཙམ་དང་ཟབ་ཚད་སྨི་1ཙམ་བརྐོས་ཡོད། 

        ཞིབ་འཇུག་ཁང་དེའི་ཞིབ་འཇུག་པ་ཁྲེན་ཙུའུ་ཅུན་གྱིས་ངོ་སྤྲོད་བྱས་དོན། རྡོ་རིང་འདི་ནི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས(798ལོ་ནས-815ལོ)སུ་བཙུགས་པ་དང་། ཁྲི་ལྡེ་སྲོང་བཙན་གྱི་རྒྱལ་སྲིད་ཉམས་རྒུད་དུ་འགྲོ་སྐབས། དད་ལྡན་མང་ཚོགས་ཀུན་གྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་ཁོང་ཚོའི་དྲིན་གཟོ་བའི་ཆེད་དུ་དགོན་པ་འདི་བཏབ་པ་མ་ཟད། ད་དུང་རྒྱལ་བློན་འཁོར་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་གནང་བའི་དམ་བཅའ་བཞག རྡོ་རིང་འདིའི་ལྡེབས་སུ་སྲོང་བཙན་སྒམ་པོའི་རྗེས་ཀྱི་རྒྱལ་རབས་སོ་སོའི་བཙན་པོའི་མཛད་རྗེས་དང་བཀའ་གཙིགས་ཀྱི་ཡི་གེ་སོགས་བཀོད་ཡོད།