དབུ་ཤོག >> བོད་ཀྱི་རིག་གནས།
བདེ་ཆེན་གྱི་བོད་གྲི་བཟོ་བའི་ལག་རྩལ།
རྩོམ་པ་པོ། དུས་ཚོད། 2018-11-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        བདེ་ཆེན་གྱི་བོད་གྲི་བཟོ་བའི་ལག་རྩལ་ལ2007ལོའི་ཟླ6པའི་ཚེས2ཉིན།  ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་སྐབས་བཞི་བའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་ཐོ་ནང་བཀོད་པར་ཁྱབ་བསྒྲགས་བྱས་པ་རེད།  

        བོད་གྲི་བཟོ་རྩལ་ལ་ཕར་ཆེར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་རེད།  སྤྱི་ལོའི་དུས་རབས་དང་པོའི་སྔ་གཞུག་ཏུ་ཐུ་བྷོད་ཀྱིས་ཟངས་དང་ལྕགས།  དངུལ་སོགས་བཙོ་སྦྱང་བྱེད་པའི་ལག་རྩལ་ཁོང་དུ་ཆུད་ཡོད།   གྲི་གུམ་བཙན་པོའི་དུས་སྐབས་སུ་གློ་གྲི་དང་ཁྲབ་རྨོག་བཟོ་བའི་མགོ་བརྩམས་པ་ནི་ལོ་རྒྱུས་དེབ་ཐེར་སོགས་ན་གསལ་བོར་བཀོད་ཡོད། 

        དུས་རབས7པའི་དུས་མགོར། སྐབས་དེའི་ཐང་རྒྱལ་རབས་ཀྱིས་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དང་།   གངས་ལྗོངས་མཐོ་སྒང་དུ་རྒྱལ་བོ་སྲོང་བཙན་སྒམ་པོས་གཅིག་གྱུར་གྱི་ཐུ་བྷོད་རྒྱལ་རབས་བཙུགས།    སྲོང་བཙན་སྒམ་པོས་ཐང་རྒྱལ་རབས་དང་ཕན་ཚུན་འགྲོ་འོང་བྱེད་པར་མཐོང་ཆེན་བྱས་ནས། སྔ་གཞུག་ཏུ་ཐེངས་གཉིས་ལ་བློན་ཆེན་མངགས་གཏོང་བྱས་ཏེ་ཐང་ལ་གཉེན་སློང་དུ་བསྐྱོད།   རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་དུས།   ཐང་གི་རྒྱལ་པོས་རིན་པོ་ཆེའི་རྫོངས་པ་ལས་གཞན།  བསྟན་བཅོས་རིགས་300དང་།  བཟོ་ལས་དང་ལག་རྩལ་སྐོར་གྱི་བརྩམས་ཆོས་60    གཞན་བཟོ་བ་དང་མགར་བ་སོགས་ལག་ཤེས་པ་མང་པོ་མངགས་འདུག    བཟོ་བོ་དེ་དག་གིས་འཁྱེར་ཡོང་བའི་ལག་རྩལ་གྱིས་ཐུ་བྷོད་ཀྱི་མཚོན་ཆ་བཟོ་སྐྲུན་ལས་རིགས་ལ་འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

        བོད་ཀྱི་གྲི་རིང་གི་བཟོ་དབྱིབས་ལ་ཐང་གི་གྲི་རིང་གི་ཁྱད་ཆོས་ཀྱང་རྒྱུན་འཛིན་བྱས་ཡོད།   བོད་གྲི་ནི་བོད་མིའི་རིན་ཆེན་རྣམ་གསུམ་གྱི་གྲས་སུ་བགྲངས་སྲོལ་ཡོད།  གྲི་ནི་ལུས་དང་མི་འབྲལ།  ལུས་ནི་གྲི་དང་མི་འབྲལ་བའི་བཤད་ཚུལ་ཞིག་ཀྱང་ཡོད་ལ། ཤི་གསོན་དང་ཆགས་འཇིག་ཀྱི་གོ་རིམ་ཁྲོད་དེ་ནི་དཔལ་ཡོན་དང་དད་མོས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། 

         བདེ་ཆེན་ཁུལ་གྱི་མངའ་ཁོངས་ནང་བོད་གྲི་བཟོ་རྩལ་གྱི་སྲོལ་རྒྱུན་ནི་གཙོ་བོ། རྒྱལ་ཐང་གྲོང་རྡལ་གྱི་རྡོ་མཁར་རྫོང་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡང་ཐང་གྲོང་རྡལ།  འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ།   འབའ་ལུང་རྫོང་གི་པའོ་ཧེ་གྲོང་རྡལ་སོགས་ཀྱི་དཔལ་འབྱོར་དང་། རིག་གནས།  ཚོང་ཟོག་སོགས་བལྟོས་བཅས་ཀྱིས་ཅུང་དར་རྒྱས་ཆེ་བའི་གྲོང་རྡལ་ཁག་ཏུ་ཁྱབ་ཡོད།  བདེ་ཆེན་ཁུལ་གྱི་མངའ་ཁོངས་ནང་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་བོད་གྲི་ནི།   ཁ་བྲོ་བོད་གྲི་དང་།  ཁ་གསབ་བོད་གྲི་གཉིས་ཡིན།

        བདེ་ཆེན་བོད་གྲིའི་འབྱུང་ཁུངས་དང་གྲུབ་ཚུལ།  འཕེལ་རྒྱས་ཐད་ནས།  དེ་ནི་བོད་རིགས་ཀྱི་ཡུན་རིང་སྡོད་སའི་རང་བྱུང་ཁོར་ཡུག་དང་། གནམ་གཤིས་ཀྱི་ཆ་རྐྱེན།  ཐོན་སྐྱེད་འཚོ་བའི་རྣམ་པ།   དེ་བཞིན་ལོ་རྒྱུས་དང་། རིག་གནས་སོགས་ལ་འབྲེལ་བ་དམ་པོ་ཡོད།     དེས་བོད་རིགས་མི་དམངས་ཀྱི་མཛེས་དཔྱོད་ཀྱི་སྤྲོ་སྣང་དང་ངལ་རྩོལ་གྱི་དགོས་མཁོ་ཡོངས་སུ་མཚོན་ཡོད། བདེ་ཆེན་གྱི་བོད་པ་ནི་དུས་ཡུན་རིང་བོ་ཞིག་གི་ནང་དུ་འབྲོག་ལས་གཉེར་བའི་རྣམ་པར་གནས་ཡོད།   རི་མགོ་ནས་སྲོག་ཆགས་ཀྱི་འཇིགས་པ་འགོག་པ་དང་།   ཁ་ལ་དམར་ཟས་བསྟེན་པ་སོགས་ལས་གློ་གྲི་ལ་ནུས་པ་ཆེན་པོ་ལྡན་པ་རྟོགས་ཐུབ་ཡོད།    རྒྱུན་མ་ཆད་པར་ལེགས་བཅོས་རབ་དང་རིམ་པ་བྱས་པ་ན་གློ་གྲི་ལ་ཡང་རིམ་གྱིས་འགྱུར་བ་ཐེབས་ནས། མཛེས་དཔྱོད་ཀྱི་རིན་ཐང་ལྡན་པའི་དམིགས་བསལ་གྱི་ཐོན་རྫས་ཤིག་ཏུ་ཆགས་ཡོད།   

        བོད་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་ཐུན་མོང་མ་ཡིན་པའི་གྲིའི་རིག་གནས་ཤིག་གྲུབ་ཡོད།  གྲི་ནི་རྒྱུན་ལྡན་གྱི་འཚོ་བར་དགོས་མཁོ་ཆེ་ལ། ཐོན་སྐྱེད་ངལ་རྩོལ་ཁྲོད་དུ་བཀོལ་རྒྱ་ཆེ་བའི་ལག་ཆ་ཞིག་ཏུ་གྱུར་ཡོད།   གྲི་ནི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན་ལ།  བགེགས་དང་བར་ཆད་མཐར་སྐྲོད་བྱེད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།  དེར་མ་ཟད་གྲོགས་པོའི་བརྩེ་སེམས་མཚོན་རྟགས་དང་།   བརྩེ་སེམས་ཕན་ཚུན་བརྒྱུད་སྤྲོད་བྱེད་སྤྱད་ཅིག་ཀྱང་ཡིན། 

        ལོ་ངོ་སྟོང་ཕྲག་དུ་མའི་རིང་།  བདེ་ཆེན་གྱི་བོད་གྲིའི་བཟོ་རྩལ་ལ་བོད་རང་གི་རིག་གནས་ཀྱི་གྲུབ་ཆ་སྔར་བཞིན་སོར་འཇོག་བྱས་ཡོད།   ཡིན་ན་ཡང་སྲོལ་རྒྱུན་གྱི་བཟོ་རྩལ་མང་པོ་ཞིག་ནི་དུས་དང་རྐྱེན་གྱིས་རྒྱུན་ཆད་པའི་རྣམ་པ་ཡང་མངོན་འདུག     མི་རབས་འགའ་ཤས་ཀྱིས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པར་བརྟེན། བདེ་ཆེན་གྱི་བོད་གྲི་ལ་སླར་ཡང་དགེ་མཚན་དང་བརྗིད་ཉམས་མངོན་པ་དང་།   མིག་སྔར་བདེ་ཆེན་ཡུལ་དུ་སྲོལ་རྒྱུན་གྱི་བོད་གྲི་བཟོ་བའི་ཁྱིམ་ཚང་30ལྷག་ལ་འཕར་ཡོད།    ཁོང་རྣམ་པ་ཚོས་བོད་གྲི་ཐོན་སྐྱེད་དང་བོད་གྲིའི་ལག་རྩལ་རྒྱུན་འཛིན་དར་སྤེལ་གཏོང་བར་ནུས་པ་ཅི་རིགས་འདོན་བཞིན་པའི་སྒང་ཡིན། 

        2018 ལོའི་ཟླ་6 པར།   ཀྲུང་གོ་ཨེ་ཤ་ཡ་ལྷོ་མའི་དངོས་མང་བཤམས་སྟོན་ཚོགས་འདུ་ཐེངས་ལྔ་པའི་ཐོག་བདེ་ཆེན་གྱི་བོད་གྲིས་ལྟད་མོ་བ་མང་པོ་ཞིག་གི་བློ་སེམས་བཀུག་ཡོད།