ཐེངས་དང་པོར་ཐ་མག་འཐེན་ཚུལ་ལས་བྱུང་བའི་བློ་བསྐྱེད།

རྩོམ་པ་པོ།   གླིང་ཚེ་བྷ།  ཡིག་བསྒྱུར།       དུས་ཚོད།   2018-11-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཐ་མག་འཐེན་པ་ནི་གོམས་གཤིས་བཟང་བོ་ཞིག་གཏན་ནས་མ་རེད།  གནས་ལུགས་འདི་སུས་ཀྱང་ཤེས་ན་ཡང་ངས་ལྷག་ཏུ་ནན་བཤད་ཅིག་བྱས་ན་འདོད།    ཤེས་དགོས་པ་ཞིག་ལ་ཐ་མག་འཐེན་པའི་མི་ལ་གློ་ནད་འབྱུང་ཚད་ཤིན་ཏུ་མཐོ།    ཐ་མག་འཐེན་ན་རང་གི་བདེ་ཐང་ལ་གནོད་པ་ཆེ་བ་མ་ཟད།    གཞན་ཉེ་འཁོར་གྱི་མི་རྣམས་ལ་ཡང་བདེ་ཐང་གི་གནོད་པ་ཅི་རིགས་བཟོ་བཞིན་ཡོད།   སྔོན་ཆད་ཡིན་ན་ང་ཡང་ཐ་མག་འཐེན་པར་ཁ་སྙོག་མཁན་ཞིག་དང་།  ཐ་མག་མེད་ན་འདུག་མི་བཟོད་ལ། ཐ་ན་སེམས་ཁམས་མི་དྭངས་པ།  ཁོང་ཁྲོ་ལངས་སླ་བ་ཞིག་ཡིན།   ལྷག་པར་ཁ་དང་ལུས་ཡོངས་ལ་མི་གཙང་དུ་དྲིས་ཁྱབ་པའི་མི་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།      ད་ནི་ཐ་མག་བཅད་ནས་ལོ་ངོ་དུ་མ་ཞིག་འགོར་སོང་།   ཡིན་ན་ཡང་ཐེངས་དང་པོར་ཐ་མག་འཐེན་ཚུལ་དང་ཐ་མག་འཐེན་པའི་གོམས་གཤིས་ཅི་ལྟར་གྲུབ་པའི་སྐོར་ལ་བདག་གིས་བསམ་གཞིགས་ཐེངས་ཤིག་བྱེད་འདོད་བྱུང་།  

        ནར་སོན་པའི་གོ་རིམ་ཁྲོད།   ངའི་ཉེ་འགྲམ་ན་ཐ་མག་འཐེན་མཁན་གྱི་མི་ཤིན་ཏུ་མང་འདུག    དེའི་ནང་གི་མི་ཐོག་མ་ནི་ངའི་ཨ་ཕ་ཡིན།    དྲན་ཤེས་ཀྱི་ཀློང་དུ་ཨ་ཕས་ལས་ཀའི་བར་གསེང་དང་།  དོན་དག་དཀའ་མོ་རེ་འཕྲད་པ།  ཡང་ན་དགོང་མོ་མ་གཉིད་པའི་སྔོན་དུ་ཐ་མག་འཐེན་པའི་སྣང་བརྙན་དེ་ནམ་ཞར་ཡིད་ལ་ཤར་གྱི་འདུག     དེའི་རྗེས་ནས་ཨ་ཕའི་གྲོགས་པོ་རེ་འགའ་རེད།    སྟོན་ལས་ཀྱི་སྐབས་དང་།   ཡང་ན་སྟོན་མོ་གང་རུང་འཚོགས་དུས་ཁོ་ཚོས་ཁ་བརྡ་བྱེད་ཞོར་མཚམས་མི་ཆད་པར་ཐ་མག་འཐེན་ངེས་ཡིན།   གལ་ཏེ་ཉེ་ས་ན་ཆམ་པ་ཕོག་པའི་བྱིས་པ་ཞིག་གམ།    གློ་ལུ་བའི་ཨ་མ་རྒན་མོ་ཞིག་ཡོད་པའི་དབང་དུ་བཏང་ཡང་དེ་ལ་ཁ་ཡ་བྱེད་མཁན་ཤིན་ཏུ་ཉུང་།   དེའི་རྗེས་ནས་སློབ་གྲྭ་འགྲིམས་དུས་ཀྱི་བྱིས་པ་མ་རབས་འགའ་ཡིན་ཚོད་རེད།     ཁོ་ཚོས་རང་གི་སྣ་ལ་བདག་བྱེད་རྒྱུ་ཤེས་མེད་ཀྱང་ཐ་མག་འཐེན་རྒྱུ་སྔར་ནས་ཤེས་འདུག་པས་མི་ཚད།    སྣ་ཁུང་གཉིས་ནས་དུ་བ་རྡོག་རྡོག་རེ་ཕྱིར་བཏང་སྟེ་གསར་བུ་ངར་བ་ཅིག་ཡིན་པའི་ཉམས་སྣང་མངོན།   གཞན་ཞིག་ནི་སློབ་གྲྭའི་ནང་གི་དགེ་རྒན་ཚོ་ཡིན་པ་འདྲ།   དགེ་རྒན་ཚོའི་ནང་ན་ཡང་ཐ་མག་འཐེན་མཁན་མི་ཉུང་བ་ཞིག་འདུག       

        ལོ་ན་ཆུང་དུས་ངས་ཐ་མག་འཐེན་མཁན་མང་པོ་ཞིག་མཐོང་མྱོང་།    དེ་དུས་ཐ་མག་གིས་བདེ་ཐང་ལ་བསྐྱལ་བའི་གནོད་པ་དེ་གཏན་ནས་མ་ཚོར།    ཨ་ཕ་དང་ཨ་ཁུ།   སྡེ་བའི་རྒན་པ།  ད་དུང་གསར་བུ་ཚོས་ཐ་མག་འཐེན་ཚུལ་ལས་དེ་ནི་གཟི་བརྗིད་ཅིག་དང་།   སྣང་བ་གསོ་བྱེད་ཅིག་ཡིན་སོང་སྙམ་པའི་འདོད་བློ་སྐྱེས་མྱོང་།    ཐ་མག་དེ་འཐེན་ན་ཞིམ་ཁ་རེད།  རྒན་རྒོན་ཚོས་སྐད་མ་ཎི་བཞིན་དུ་ཐ་མག་འཐེན་མི་རུང་བར་བཤད་ན་ཡང་།    གཞོན་སྐྱེས་ཚོས་ལྐོག་ལབ་ཀྱི་ཚུལ་གྱིས།  ཡ་འགྲོ།  ཡང་བསང་ཞིག་གཏོང་གི་འགྲོ་ཟེར་བཞིན་གྱང་རྒྱབ་ཏུ་སོང་ནས་ཐ་མག་ཡིད་ཚིམ་པ་ཞིག་འཐེན་ཚར་རྗེས་ཕྱིར་ལོག་ཡོང་།  དེ་དག་ལས་ངས་ཀྱང་ནར་སོན་རྗེས་ཐ་མག་ཟེར་བ་དེ་འཐེན་དགོས་སྙམ་བྱུང་།   དགོད་བྲོ་བ་ཞིག་ལ་རེ་བ་དེ་ཅང་མ་འགོར་བར་འདོད་ཐོག་ལ་རྒྱུག་སོང་།    དེ་དུས་ལས་བྱེད་རེ་འགའ་མ་གཏོགས་ཞིང་པ་ཚོ་ལ་དེང་སང་གི་ཐ་མག་འདི་འདྲ་འཐེན་རྒྱུའི་ཆ་རྐྱེན་མེད།  ལོ་རེར་སྡེ་བའི་ནང་ལ་ཀ་ཆུ་ནས་ཕེབས་པའི་དུ་བའི་ལོ་མ་བཙོང་མཁན་གྱི་ཚོང་བ་རེ་འགའ་ཐོན་ཡོང་གི་ཡོད།  དེ་ནི་ཨ་ཕ་ཚོའི་དུ་བའི་ཡོངས་ཁུངས་གཙོ་བོ་ཞིག་ཡིན།   ཨ་ཕ་དང་ཨ་ཕའི་གྲོགས་པོ་ཚོས་ཤོག་བུའི་ཁུག་ལ་དུ་བའི་ལོ་མ་གཅུས་ནས་འཐེན་པའི་གོམས་སྲོལ་ཞིག་ཆགས་ཡོད།   དེ་དུས་ང་དང་ང་འདྲ་བའི་བྱིས་པ་སྣ་ལུག་ཚོ་རི་མགོར་ལུག་རྫི་ལ་སོང་རྗེས།   ཨ་ཕ་ཚོའི་བལྟ་བྱས་ཏེ་འབྲི་དེབ་ཀྱི་ཤོག་བུ་གཤགས་ནས་ཤོག་བུའི་བར་ལ་རི་བོང་གི་རིལ་མ་དང་།   རྟ་ཡི་རྟུལ་ལི་བཏུས་པ་རྣམས་ཞིབ་མོར་འཐག་རྗེས་ཐ་མག་འཐེན་སྲོལ་ཞིག་ཆགས་ཡོད།      ང་ཚོས་རི་མགོ་ནས་གློག་བརྙན་འཕྲིན་ནང་གི་འཁྲབ་སྟོན་པ་ཚོའི་ལད་མོ་བྱས་ཏེ།   ཁ་ནས་ཐ་མག་འཐེན་པ་དང་ཤིང་གིས་བཟོས་པའི་མེ་མདས་ཕན་ཚུན་ལ་རྒྱག་ཁུལ་བྱས་ནས་ཆུང་དུས་ཀྱི་འཚོ་བ་དེ་ཕར་ལ་བསྐྱལ།    

        ཤེས་མེད་ཚོར་མེད་ཀྱི་ངང་ནས་ལོ་ཟླ་ནི་ཕར་ལ་འདས།   ང་ཡང་དམའ་འབྲིང་འགྲིམ་པའི་དུས་ལ་བབས།     དེ་དུས་ངས་ད་དུང་རིལ་མ་དང་རྟུལ་ལི་ཡི་བཟོས་པའི་ཐ་མག་འཐེན་མྱོང་བ་ལས།    ཐ་མག་ངོ་མ་དེ་འཐེན་མྱོང་མེད།    སློབ་འབྲིང་འགྲིམ་དུས་ཁུལ་ཐོག་ཉེ་འཁོར་གྱི་སློབ་མ་འགས་སྔར་ནས་དུ་བ་འཐེན་ཤེས་འདུག     སློབ་གྲྭའི་སྤྱོད་ཁང་གི་ལྟག་རྒྱབ་ནི་དུ་རྐྱལ་ཚོའི་ཐ་མག་གི་སྐྱིད་རྒྱག་ས་ཡིན།  ཐ་མག་འཐེན་འདོད་ཀྱི་ན་ཟུག་བཟོད་དཀའ་བའི་སློབ་གྲོགས་རེ་འགས་སློབ་ཁྲིད་ནམ་ཞིག་གྲོལ་བའི་ཅོང་བརྡ་ལ་རེ་སྒུག་ནན་མོ་བྱས་ཡོད་ཅིང་།   ཞོགས་པའི་ལུས་སྦྱོང་གི་བར་གསེང་དུ་མྱུར་མོར་སྤྱོད་ཁང་གི་རྟག་རྒྱབ་ཏུ་སོང་ནས།  རང་ལ་ཐ་མག་རྐང་རེ་ཡོད་ན་རྔམ་འཇིབ་དང་མེད་ན་གཞན་གྱི་ཁ་ལ་བལྟོས་ནས་སྒུག་ཡོད།  མཚམས་ལ་རེར་གཞན་ལ་ཞུ་བ་བྱེད་དགོས་ས་ཡང་ཡོད།  དེ་མིན་ན་དུ་བ་ཁམ་གང་ཡང་འཐེན་རྒྱུའི་གོ་སྐབས་རེག་མི་ཐུབ།  རིམ་བཞིན་སྤྱོད་ཁང་གི་ལྟག་རྒྱབ་ལ་དུ་སྣེ་སྣ་ཚོགས་ཀྱིས་བཀང་འདུག་ཅིང་།    དེའི་ཉེ་འཁོར་གྱི་ཁོར་ཡུག་ལ་གཙང་དག་བྱེད་མཁན་གྱི་ཨ་ཅེ་ཞིག་ཡོད་པ་དེས་དུ་སྣེའི་གད་སྙིགས་མང་པོ་མཐོང་ཐེངས་རེར་མགོ་བོ་འཕྲེད་ཀྱིས་གཡུག་ནས།  ཕ་མའི་རེ་བ་རྒྱབ་འགལ་དུ་བཏང་བའི་སློབ་མ་དུ་འཐེན་ཚོ་ལ་སྡིགས་དམོད་སྣ་ཚོགས་པ་ཞིག་བྱེད་ཀྱི་འདུག          

མཐོ་འབྲིང་འགྲིམ་དུས་སློབ་གྲོགས་གསར་བ་མང་པོ་ཞིག་ངོ་ཤེས་བྱུང་།   ཁོར་ཡུག་གསར་བ་དང་འབྲེལ་འདྲིས་གསར་བ་ལས་ངའི་རང་གཤིས་དང་ལྟ་ཚུལ་སོགས་ཀྱི་ཐད་ལ་འགྱུར་ལྡོག་མི་ཉུང་བ་ཞིག་ཐེབས་པ་འདྲ།     རྒྱུན་ལྡན་ཡིན་པ་ཞིག་ལ་སློབ་གྲོགས་ཚོའི་ནང་ན་སྔར་བཞིན་དུ་བ་འཐེན་མཁན་སྐོར་ཞིག་འདུག    དེ་དུས་ང་ལ་ངན་ལོབས་སོང་།  རིམ་བཞིན་ང་ཡང་སློབ་མ་དུ་འཐེན་ཚོའི་གྲས་ཀྱི་གཅིག་ལ་གྱུར། སྒོར་རྡོག་ཆ་བོ་ཁ་ལ་ཟ་རྒྱུའི་ཟ་མ་ལ་མི་བརྗེས་པར་དུག་གི་རང་བཞིན་འདུས་པའི་ཐ་མག་ལ་བརྗེས་ཐེངས་ཇེ་མང་དུ་གྱུར།       སྐབས་དེར་སློབ་གྲྭའི་ནང་ན་ཚོང་ཁང་ཆུང་བ་གཉིས་ཕྱེས་ཡོད།   སྤྱིར་ན་སློབ་གྲྭའི་ནང་ནས་དགེ་རྒན་ཚོ་མ་གཏོགས་སློབ་མ་རྣམས་ལ་ཐ་མག་བཙོང་མི་འོས་ཀྱང་།  སྐབས་དེར་སློབ་མ་ཚོའི་དཔལ་འབྱོར་གྱི་ཆ་རྐྱེན་དང་བསྟུན་ནས་ཐ་མག་སིལ་འཚོང་བྱེད་མཁན་ཡང་བྱུང་ལ་སྒོར་མོ་གཅིག་གིས་ཐ་མག་རྐང་གཉིས་ཉོ་ཐུབ་པ་རེད།     

        གཟའ་མཇུག་ལ་གནང་བ་བྱིན་ནས་ཁྱིམ་དུ་ལོག་པ་ན།   ཨ་ཕས་རང་གི་དུ་ཁུག་དེ་མཚམས་རེར་གང་སར་གཡུག་ནས་བཞག་ཡོད།   བྱིས་པ་ཚོས་ཁྱིམ་གྱི་སྒོར་མོ་དང་དངོས་པོ་རྩ་ཆེན་རྣམས་གང་དུ་སྦས་ཡོད་པ་རྩད་ཆོད་ཆོད་ཡིན།    ཨ་ཕའི་དུ་ཁུག་མཐོང་བ་ན།   རྩེད་མོ་རྩེད་ཁུལ་གྱིས་དུ་ཁུག་གི་ཉེ་སར་བཅར་ཞིང་།   ཨ་ཕས་མཉམ་བཞག་མེད་པའི་སྐབས་དེར་སྐྲག་སྣང་དང་བཅས་དུ་བ་རྐང་གཅིག་བརྐུས་རྗེས།    ཁ་རོག་གེར་སྡེ་བའི་རྐང་ལམ་ཕྲ་མོ་ནས་སོང་ནས་ཐ་མག་ལྐོག་འཐེན་བྱས་པའི་སྣང་བརྙན་དེ་ད་དུང་ངའི་ཡིད་ནས་བརྗེད་རྒྱུ་མེད།    མཚམས་རེར་ཡུལ་ན་མྱི་མེད་དུས་ཁུག་མའི་ནང་ལ་འབྲུ་རིགས་རྒྱ་མ་འགའ་བཅུས་ནས་ཚོང་ཁང་དུ་སོང་སྟེ་ཐ་མག་ལ་ཡང་བརྗེས་མྱོང་།    ཤེས་དགོས་པ་ཞིག་ནི།  ཐ་མག་དེ་ལུས་ལ་གཏན་ནས་བཟུང་མི་རུང་།   ང་ཚོས་ཐ་མག་འཇོག་ས་ནི་གཙོ་བོ་གྱང་སྲུབ་དང་།   སྒོ་ཀླད།     ས་འབུར་གྱི་ཐོག་བཅས་ཡིན།    རྗེས་སུ་སྟབས་མ་ལེགས་པ་ཞིག་ལ།    སློབ་གྲྭའི་ནང་ནས་ཨ་ཅེ་ལགས་ཀྱིས་ངའི་ཁུག་མ་ནང་ན་དུ་རྐང་གཉིས་ཡོད་པ་ཤེས་ཤིང་།     ང་ལ་གཅར་རྡུང་མ་བྱས་ན་ཡང་།    ཁོ་མོས་གཟབ་ནན་གྱི་ངང་ནས།  ངས་དུ་བ་འཐེན་པའི་གནས་ཚུལ་དེ་ཨ་ཕ་ལ་བཤད་རྒྱུ་ཡིན་པ་དང་།   གལ་ཏེ་ཨ་ཕས་ཤེས་ཚེ་ཁྱོད་ཀྱི་རྐང་བཅག་ནས་གསོད་རྒྱུ་ཁོ་ཐག་རེད་ཅེས་ལབ་བྱུང་བས།   ང་སྐྲག་ནས་ཟླ་བ་གཅིག་ལ་ཡུལ་དུ་འགྲོ་མ་ཕོད།    

        ང་ཚོའི་སྡེ་བ་ནས་རེབ་གོང་རྫོང་ཐོག་བར་དུ་སྤྱི་ལེ་ཉི་ཤུ་ཡས་མས་ཙམ་གྱི་བར་ཐག་ཡོད།    གཟའ་ཉི་མའི་ཕྱི་དྲོར་ངེས་པར་དུ་སློབ་གྲྭའི་ནང་ལ་ཐོན་དགོས།    ཡིན་ན་ཡང་ཐད་ཀར་ཏུ་རྫོང་ཐོག་ལ་འགྲོ་བའི་རླངས་འཁོར་ཤིན་ཏུ་དཀོན་པས།   ཤང་སྲིད་གཞུང་གི་བར་དུ་རྐང་ཐང་ལ་འགྲོ་དགོས།    ང་དང་གྲོགས་པོ་ཚོས་རླངས་འཁོར་ཁ་ལོ་བ་ཚོས་གཡུགས་ཟིན་པའི་ལམ་འགྲམ་གྱི་དུ་སྣེ་འཐུ་ཞོར་དང་འཐེན་ཞོར་སློབ་གྲྭའི་ནང་ལ་སོང་བ་ཡིན།  དེ་དུས་གཙང་སྦྲ་ཟེར་རྒྱུ་ཞིག་ལ་དངོས་ནས་བསམ་བློ་གཏོང་མ་ཤེས།  ཡིད་ཕམ་པ་ཞིག་ལ་རེ་ཞིག་གི་སློབ་ཁྲིད་སྐབས་སུ་ཁུག་མའི་ནང་ན་དུ་རྐང་འགའ་ཡོད་པ་དེ་དགེ་རྒན་བཙན་པོ་ཞིག་གི་ལག་ལ་ཆུད།   ད་དངོས་ནས་འགྲིག་མ་སོང་།    དགེ་རྒན་དེས་ང་དང་སློབ་གྲོགས་དུ་རྐྱལ་འགའ་སྒོ་སམ་གྱི་མདུན་ལ་ལངས་དུ་བཅུག་ནས་གཤེ་གཤེ་ནན་མོ་བཏང་བ་མ་ཟད།  ད་དུང་དུ་རྐང་དེ་དག་ངེས་པར་དུ་ཟོས་ནས་མྱིད་དགོས་བའི་བཀའ་ཕབ་བྱུང་།   ང་ཚོས་ཟ་མ་ཕོད་པར་གཅིག་གིས་གཅིག་ལ་བལྟས་ནས་བསྡད་དུས།   དགེ་རྒན་ཁོ་རང་སྔར་ལས་ཁོང་ཁྲོ་ལངས་ཏེ་ང་ཚོ་ལ་རྩྭ་ཕྱགས་ཀྱིས་གཅར་རྡུང་བྱས་པ་དང་།  ང་ཚོས་ཀྱང་དེའི་ན་ཟུག་བཟོད་མ་ཐུབ་པར།     ངུ་སྒྲ་མེད་པའི་མིག་ཆུ་བཞུར་ཞོར་དུ་རྐང་དེ་དག་མྱིད་ཐབས་བྱས།   གནས་ཚུལ་དེས་དངོས་ནས་ཕན་ཐོགས་པ་འདྲ།   ཟླ་ཕྱེད་ཙམ་ལ་ཐ་མག་རིག་ན་ཞེན་པ་ལོག་ཡོང་།   ཡིན་ན་ཡང་།   ཟླ་གཅིག་འགོར་རྗེས་ང་ཚོས་སྔར་བཞིན་ཐ་མག་འཐེན་མགོ་བརྩམས།  

        གཉེན་སྒྲིག་རྗེས་ཆུང་མས་མངལ་མ་སྦྲུམ་གོང་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་དགོས།   ཐ་མག་གཅོད་རྒྱུ་དེ་དངོས་ནས་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད་ཅེས་ཐེངས་མང་པོ་ཞིག་ལ་བཤད།    ལྷག་པར་དུ་བྱ་བའི་ལས་གནས་སུ་ཞུགས་རྗེས་ཕ་མ་གཉིས་དང་མཉམ་དུ་འདུག་པའི་དུས་ཚོད་ཤིན་ཏུ་ཉུང་བས།    དྲིན་ལན་གསབ་པ་དང་ཡང་ན་ཁྱིམ་ཚང་ཧྲིལ་བོའི་བདེ་ཐང་གི་ཆེད་དུ།    ལོ་གསར་ལ་ཡུལ་དུ་ལོག་དུས་ཕ་མའི་རེ་སྐུལ་འོག་ངས་ད་ནས་བཟུང་ཐ་མག་མི་འཐེན་པའི་ཁས་བླངས་པ་ཡིན།  དེ་ནས་བཟུང་ཐ་མག་དང་བར་ཐག་རྒྱང་དུ་བཀྱེད་པ་ཡིན།  མཚམས་ལ་ལེར་ཆེས་འགྱོད་དུས་ནི་ཐ་མག་འཐེན་མྱོང་བ་དེ་ཡིན་ཁ་འདྲ།    ཕྱིར་དྲན་གྱི་ཀློང་ནས་རྩིས་ཤིག་བརྒྱབ་པ་ན།    ངས་ཐ་མག་ཁོ་ནའི་འགྲོ་སྒོ་ལ་ལོ་གཅིག་གི་ནང་དུ་སྒོར་ཁྲི་གཅིག་བཀོལ་འདུག      འདིར་ངས་བཤད་འདོད་པ་དེ་ཡང་།  ང་རང་ནར་སོན་པའི་གོ་རིམ་ཁྲོད་ངའི་ཁོར་ཡུག་ཏུ་ཐ་མག་དང་འབྲེལ་བའི་ཆ་རྐྱེན་མང་པོ་ཞིག་རང་བཞིན་གྱིས་གྲུབ་འདུག     ཡ་རབས་ཚང་ལ་ལྷ་བཟོ་གསུམ།   མ་རབས་ཚང་ལ་དུ་འཐེན་གསུམ་ཟེར་བ་ལྟར།   གལ་ཏེ་ཁྱིམ་བདག་ནི་དུ་འཐེན་ཞིག་མིན་པའི་དབང་དུ་བཏང་ན།  དེའི་བུ་ཕྲུག་ཚོས་ཀྱང་ཐ་མག་དང་འབྲེལ་འདྲིས་བྱེད་ཚད་ཅུང་ཉུང་ན་ཐང་།    ཡང་སློབ་གྲོགས་ཡ་རབས་འགའ་ལ་འཕྲད་ཡོད་པའི་དབང་དུ་བཏང་ན། ཁོ་ཚོས་ང་ལ་ཐ་མག་འཐེན་ན་གནོད་པ་ཆེ་རབས་དང་།   ཐ་མག་འདི་འཐེན་མི་རུང་བའི་ཁ་བརྡ་དང་སེམས་གཏམ་དེ་དག་བཤད་ཡོད་ཀྱང་སྲིད།    ཡང་ན་དགེ་རྒན་གྱིས་སློབ་མའི་རིག་ས་ནས་ཐ་མག་མ་འཐེན་པ་ཡིན་ན་ངན་ཤུགས་གཅིག་འགོས་ཚད་ཇེ་ཉུང་དུ་འགྱུར་ཀྱང་སྲིད།   གང་ལྟར་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད།   ཁོར་ཡུག་དེ་ཤིན་ཏུ་གལ་ཆེན་པོར་མཐོང་།   ཁྱིམ་ཚང་གི་ཁོར་ཡུག་ན་དཔེ་ཀློག་བྱེད་ཐེངས་མང་པ་ཞིག་ཡིན་ཚེ།   བུ་ཕྲུག་ཚོ་ཡང་དཔེ་ཀློག་བྱེད་པར་དགའ་བའི་ངེས་པར་ཤིན་ཏུ་ཆེ།   ངའི་ཐ་མག་འཐེན་ཚུལ་ལས་འདས་ཟིན་པའི་དོན་དག་ལ་བསྒྱུར་བཀོད་བྱེད་པའི་ནུས་པ་མེད་ཀྱང་།  ཆུང་དུས་ཀྱི་དོན་དག་འདི་བརྒྱུད་ནས་ད་ལྟའི་དུས་སུ་རང་གི་བུ་ཕྲུག་ཚོའི་ཆེད་དུ་བདེ་ཐང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་འདོད་པའི་ངེས་ཤེས་ཟབ་མོ་ཞིག་སེམས་ཀྱི་གཏིང་རུམ་ལ་སྐྱེས་བྱུང་།