དབུ་ཤོག >> སྐབས་དོན་གསར་འགྱུར།
འབྲི་ཆུའི་ཆུ་བཀག་པའི་ཆུ་ལོག་རང་ཁུལ་དུ་དུས་ཚོད་40ལ་བརྒྱུད།
རྩོམ་པ་པོ། དུས་ཚོད། 2018-11-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        འབྲི་ཆུའི་11.3རི་ཉིལ་ནས་ཆུ་བཀག་པའི་ཆུ་ལོག་དེ་2018ལོའི་ཟླ11པའི་ཚེས14ཉིན་གྱི་ཞོགས་པའི་དུས་ཚོད་2ཡས་མས་སུ་རང་ཁུལ་གྱི་འཇོལ་རྫོང་གཡག་རྭ་ཤང་དུ་བརྒྱུད་པ་དང་། ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོའི་དུས་ཚོད་5སྐབས་བདེ་ཆེན་གྱི་མངའ་ཁོངས་ནས་བརྒྱུད་ཚར་བས།དུས་ཚོད40ལ་བརྒྱུད་ཡོད་པ་རེད།

གནོད་སྐྱོན་བྱུང་རྗེས། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་རེད། སྐབས་ཐོག་ཏུ་གནོད་ཐེབས་མང་ཚོགས་བདེ་འཇགས་བཀོད་སྒྲིག་ས་ཚིགས་སུ་གནས་སྤོར་འཇུག་པ་དང་། ཉེར་མཁོའི་དངོས་རྫས་གནང་ནས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་པ་རེད། ཚེས15ཉིན་གྱི་དུས་ཚོད་0དང་སྐར་མ་5ཐོག་རང་ཁུལ་གྱིས་《བདེ་ཆེན་ཁུལ་རང་བྱུང་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བྱེད་རྒྱུའི་སྔོན་ཇུས》་རིམ་པ་འགོ་བརྩམས་པ་རེད།

        དམངས་སྲིད་སྡེ་ཁག་གིས་ཐོག་མའི་བསྡོམས་རྩིས་ལྟར་ན། ཁུལ་ཡོངས་སུ་ཁྱོན་བསྡོམས་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་20790ཡོད་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ཆིང་277.5དང་རྨོ་ཞིང་ལ་བཏོར་བརླག་ཐེབས་ཚད་སྤྱི་ཆིང་126.8དུད་ཁྱིམ་316ཡི་ཁང་བ་ཅན་1459ལ་གནོད་སྐྱོན་ཐེབས་པ། གཞུང་ལམ་སྤྱི་ལེ76ལ་གནོད་སྐྱོན་ཐེབས་པ། ཟམ་པ་12སྣུབ་པ།གློག་སྡོང་300གནོད་སྐྱོན་ཐེབས་པ། གློག་སྐྱེལ་སྐུད་ལམ་སྤྱི་ལེ་60ལྷག་ཙམ་ལ་གནོད་སྐྱོན་ཕོག་པས། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་15ལས་བརྒལ་ཡོད་པ་རེད།

        ཆུ་ལོག་དེ་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོའི་དུས་ཚོད5སྐབས་བདེ་ཆེན་གྱི་མངའ་ཁོངས་ནས་བརྒྱུད་ཚར་བས། ཉེན་ཁ་གཞི་རྩའི་ཐོག་ནས་སེལ་བ་རེད།