དབུ་ཤོག >> སྐབས་དོན་གསར་འགྱུར།
ཞི་ཅིན་ཕིང་གིས་རླབས་ཆེན་གྱི་འཕོ་འགྱུར་ཏེ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེ་གྲས་ལ་གཟིགས་སྐོར་གནང་བ།
རྩོམ་པ་པོ། དུས་ཚོད། 2018-11-15 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཞི་ཅིན་ཕིང་གིས་རླབས་ཆེན་གྱི་འཕོ་འགྱུར་ཏེ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེ་གྲས་ལ་གཟིགས་སྐོར་གནང་སྐབས། བསམ་བློ་གཅིག་གྱུར་དང་། མཐུན་ཆ་གཅིག་འདུས། དཔའ་སེམས་སྐུལ་སྤེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཏང་གི་རྗེས་སུ་འབྲང་ནས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་འགྲོ་ལམ་དང་། བསྒྱུར་བཅོས་སྒོ་འབྱེའི་ལམ་བུའི་ཐོག་བསྐྱོད་པའི་ཡིད་ཆེས་དང་སེམས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཀྲང་ཧྲུའུ་དང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲེན། ཝང་ཆི་ཧྲན་བཅས་ཀྱིས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་༡༣ཉིན་རྒྱལ་ཁབ་དངོས་མང་འགྲེམ་སྟོན་ཁང་དུ་ཕེབས་ནས། རླབས་ཆེན་གྱི་འཕོ་འགྱུར་ཏེ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེ་གྲས་ལ་གཟིགས་སྐོར་གནང་ཡོད་པ་རེད། ཁོང་གིས། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་། འབད་འབུངས་སྟོབས་བརྩོན་གྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་གོང་འཕེལ་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཞིག་སྐྲུན་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོར་སེམས་འགུལ་རབ་ཏུ་ཐེབས་པའི་རླབས་ཆེན་གྱི་འཕོ་འགྱུར་བྱུང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་གོང་འཕེལ་གྱི་བརྗིད་ཉམས་ཆེ་བའི་དམིགས་འབེན་བཀོད་ཡོད་པས། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཚེ། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན། འགྲེམ་སྟོན་འདི་བརྒྱུད་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་སྟོབས་ཤུགས་སྔར་བས་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་ཐུབ་པ་དང་། རང་རེའི་ཏང་གི་རིགས་པའི་གཞུང་ལུགས་ཡང་དག་པ་ཡིན་པ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་བསྒྱུར་བཅོས་སྒོ་དབྱེའི་ལམ་ཕྱོགས་བྱེད་ཕྱོགས་ནི་ཡང་དག་པ་ཡིན་པ། བསྒྱུར་བཅོས་སྒོ་འབྱེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཚང་མ་ཡང་དག་པ་ཡིན་པ་བཅས་སྔར་བས་གཏིབ་ཟབ་པའི་སྒོ་ནས་ངོས་འཛིན་ཐུབ་པ། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་སྔར་བས་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་ཐུབ་པ་བཅས་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། བསམ་བློ་གཅིག་གྱུར་དང་། མཐུན་ཆ་གཅིག་འདུས། དཔའ་སེམས་སྐུལ་སྤེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་དང་། བསྒྱུར་བཅོས་སྒོ་འབྱེའི་ལམ་བུའི་ཐོག་བསྐྱོད་པའི་ཡིད་ཆེས་དང་སེམས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

        ལི་ཀྲན་ཧྲུའུ་དང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲེན། ཝང་ཆི་ཧྲན་བཅས་ཀྱིས་འགྲེམ་སྟོན་ལ་གཟིགས་སྐོར་གནང་ཡོད་པ་རེད།

        ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྒྱལ་ཁབ་དངོས་མང་གཤམ་སྟོན་ཁང་དུ་ཕེབས་པ་དང་། འགྲེམ་སྟོན་ཁང་དུ་ཕེབས་ནས་འགྲེམ་སྟོན་ལ་གཟིགས་སྐོར་གནང་ཡོད་པ་རེད། འགྲེམ་སྟོན་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོ་བྱས་ནས། བསྒྱུར་བཅོས་སྒོ་དབྱེའི་ལོ་ངོ་བཞི་བཅུའི་ལོ་རྒྱུས་ལམ་ཚད་ལ་དམ་པོར་གཞིགས་པ་དང་། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་གཏིང་ཟབ་ཚོར་སྣང་དང་། མང་ཚོགས་ཀྱི་ཐོབ་ཚོར། གོང་འཕེལ་གྲུབ་འབྲས་ཐོབ་ཚོར་བཅས་ལ་དམ་པོར་གཞིགས་ནས། བརྗོད་བྱ་གཙོ་བོའི་ནང་དོན་དྲུག་གི་ཐོག་ནས་བཀོད་སྒྲིག་ཇུས་འགོད་བྱས་ཤིང་། ལྟ་ཕྱོགས་མི་འདྲ་བ་དང་། ཕྱོགས་ཡོངས་ཀྱི་རྣམ་པའི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེའི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་དང་། རླབས་ཆེན་གྱི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་མངོན་པར་བྱས་པ་དང་།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསྒྱུར་བཅོས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འཐབ་ཇུས་དང་ཐབས་ཇུས་བཀོད་སྒྲིག་མངོན་པར་བྱས་པ། ཏང་ཀྲུང་དབྱང་ནས་བསྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་པ་གནང་རྒྱུའི་ཆབ་སྲིད་ཀྱི་བློ་སྤོབས་དང་འགྱུར་མེད་ཆོད་སེམས་མངོན་པར་བྱས་ཡོད་པ་རེད།

        ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སོགས་ཏང་ཀྲུང་དབྱང་ནས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་གལ་ཆེའི་དུས་ཚོད་སྦྲེལ་ཚིགས་དང་། གལ་ཆེའི་ལོ་རྒྱུས་དོན་རྐྱེན། གལ་ཆེའི་ཐབས་ཇུས་བཀོད་སྒྲིག་བཅས་ཀྱི་ལོ་རྒྱུས་པར་རིས་དང་། ཀྲུང་གོའི་གྲོང་གསེབ་ཀྱི་བསྒྱུར་བཅོས་སྒོ་དབྱེའི་ཡོལ་བ་ཕྱེས་པའི་ཨན་ཧུའེ་ཞའོ་ཀང་གྲོང་ཚོའི་ཞིང་པ་བཅོ་བརྒྱད་ཀྱིས་དུད་ཚང་གིས་ཐོན་འགན་གཙང་ལེན་བྱེད་པའི་མཛུབ་ཐེལ་དམར་པོ་བརྒྱབ་པའི་འཇིམ་རྐོས། རྒྱང་སྐྱོད་མུ་འབྲེལ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ། སུམ་རྩེན་རྟགས་ཅན་གྱི་བར་ཁམས་ས་ཚུགས་སོགས་ཀྱི་དཔེ་དབྱིབས། ལོ་ངོ་བཞི་བཅུའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་མཚོན་པའི་དངོས་རིགས་དང་དཔྱད་གཞིའི་ཡིག་ཆ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་མངོན་པའི་པར་རིས་སོགས་མངོན་སུམ་ནང་བཞིན་གྱི་དངོས་པོའི་དཔེ་དབྱིབས་དང་། ཞིབ་གསལ་གྱི་པར་རིས་དང་དཔེ་རིས། ཕུན་སུམ་ཚོགས་པའི་བརྙན་མཐོང་དཔྱད་གཞི་བཅས་ལ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཐུགས་སྣང་ཆེན་པོ་གནང་བ་དང་། ཁོང་རྣམ་པས་ཡང་སེ་ཞབས་སྟབས་སྤོ་མཚམས་བཞག་ནས་ཞིབ་ཕྲ་གཟིགས་པ་དང་། ལས་དོན་མི་སྣའི་འགྲེལ་བཤད་གསན་པ་མ་ཟད་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་ཡོད་པ་རེད།

        པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ནས་འགྲེམ་སྟོན་ལ་གཟིགས་སྐོར་གནང་ཡོད་པ་རེད།