ཞི་ཅིན་ཕིང་གིས་ཞང་ཀང་དང་ཨོ་མིན་གྱི་ལས་རིགས་སོ་སོའི་རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-13   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

        ཟླ11པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་དང་ཨོ་མིན་གྱི་ལས་རིགས་སོ་སོའི་རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་དང་ཨོ་མིན་གྱི་ལས་རིགས་སོ་སོའི་རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་དུ། ཞང་ཀང་དང་ཨོ་མིན་ལ་སྔར་བཞིན་དམིགས་བསལ་གྱི་གོ་གནས་དང་ཐུན་མིན་གྱི་ཁྱད་སྟོབས་ལྡན་ཞིང་། སྔར་བཞིན་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་བཏོན་ཆོག་པས། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླས་མུ་མཐུད་དུ་རྒྱལ་གཅེས་ཀྱི་ལྷག་བསམ་དཀར་པོ་དང་སྔོན་སྐྱོད་ཀྱི་སྙིང་སྟོབས་ཆེན་པོ་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་བྱ་གཞག་ཁྲོད་དུ་ཞུགས་དགོས་པ་དང་། སྐབས་བསྟུན་འབད་བརྩོན་དང་བབ་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དོན་ཆེན་ཁྲོད་དུ་འདྲེན་པར་བྱས་ཏེ་ཞང་ཀང་དང་ཨོ་མིན་སྔར་ལས་བཟང་པོར་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་ཀྱི་ལོ་རྒྱུས་མཉམ་དུ་རྩོམ་དགོས་ཟེར།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཇལ་འཕྲད་ལ་ཞུགས།

        མཇལ་འཕྲད་ཀྱི་སྐབས་སུ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན། ད་དུང་འཚམས་འདྲི་ཚོགས་པའི་ཁོངས་མི་ཁ་ཤས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་བགྲོད་ལམ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ཡོངས་སུ་མོས་མཐུན་ཡོད་པའི་ཚུལ་བསྟན། ཁོས་ཚོས་རང་ཉིད་དངོས་སུ་བརྒྱུད་མྱོང་བའི་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་འཛུགས་སྐྲུན་བྱ་གཞག་སྣ་ཚོགས་ཀྱི་གཏམ་རྒྱུད་བཤད་པར་མ་ཟད། དུས་རབས་གསར་བའི་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་བསྟར་ཐད་བསམ་འཆར་དང་གྲོས་གཞི་བཏོན།

        ཚང་མས་གཏམ་བཤད་པར་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། སྐབས་འདིར་ང་ཚོས་ཞང་ཀང་དང་ཨོ་མིན་གྱི་ལས་རིགས་སོ་སོའི་འཐུས་ཚབ་ཚོགས་པ་ནང་ལོགས་ལ་ལྟ་སྐོར་དང་འཚམས་འདྲིར་གདན་དྲངས་པར་མ་ཟད། དེ་རིང་གི་འདི་ལྟ་བུའི་ཐུག་འཕྲད་དང་བཞུགས་མོལ་བརྗེ་རེས་བཀོད་སྒྲིག་བྱས་པ་ལས། ཀྲུང་དབྱང་གིས་ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླས་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་འཕེལ་རིམ་ཁྲོད་དུ་བཏོན་པའི་ནུས་པ་དང་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱེད་པ་མཚོན་ཡོད། ཚང་མས་བསམ་འཆར་དང་གྲོས་གཞི་བཏོན་པ་ཧ་ཅང་བཟང་བས། ང་ཚོས་དེར་ཞིབ་འཇུག་ནན་མོ་བྱེད་ངེས་ཡིན་ཟེར།

        ཞི་ཅིན་ཕིང་གིས་ནན་གྱི་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ཀྱི་རྒྱལ་ཁའི་ལག་ལེན་སྤྱི་སྡོམ་བྱས་ན། རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་འཕེལ་རིམ་ཁྲོད་དུ། ཞང་ཀང་དང་ཨོ་མིན་གྱིས་བཟུང་བའི་གོ་གནས་ནི་གཞན་དང་མི་མཚུངས་ལ། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླས་བཞག་པའི་བྱས་རྗེས་ནི་ཧ་ཅང་ཆེ་ལ། བཏོན་པའི་ནུས་པ་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་ཟེར། ཞི་ཅིན་ཕིང་གིས་དུས་རྒྱུན་དུ་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར། ཟབ་ཞུགས་བཅས་གནང་བའི་ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་ལས་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ཀྱང་དུས་རབས་གསར་པར་ཞུགས་པ་མཚོན་ཡོད། ཞང་ཀང་དང་ཨོ་མིན་ལ་མཚོན་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཆེས་ཆེ་བའི་ཁྱད་སྟོབས་ཡིན་པ་དང་། རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ནི་ཆེས་ཆེ་བའི་གར་སྟེགས་ཡིན་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནི་གལ་ཆེ་བའི་གོ་སྐབས་གསར་པ་ཡིན། ང་ཚོས་ཞང་ཀང་དང་ཨོ་མིན་གྱི་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ཁྲོད་ཀྱི་གནས་ཐིག་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱིས་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་ཀྱིས་ཁྱད་སྟོབས་གསར་པ་སྐྱེད་པ་དང་། ནུས་པ་གསར་པ་འདོན་པ། འཕེལ་རྒྱས་གསར་པ་འབྱུང་བ། བྱས་རྗེས་གསར་པ་འཇོག་པ་བཅས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

        ཞི་ཅིན་ཕིང་གིས་ཚང་མར་ཐུགས་རེ་བཞིན་བཏོན། གཅིག སྔར་ལས་ཧུར་བརྩོན་རང་འགུལ་གྱིས་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་སྒོ་འབྱེད་ལ་གཞོགས་འདེགས་བྱེད་དགོས། གཉིས། སྔར་ལས་ཧུར་བརྩོན་རང་འགུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱེད་དགོས། གསུམ། སྔར་ལས་ཧུར་བརྩོན་རང་འགུལ་གྱིས་རྒྱལ་ཁབ་བཅོས་སྐྱོང་གི་ལག་ལེན་ཁྲོད་ཞུགས་དགོས། བཞི། སྔར་ལས་ཧུར་བརྩོན་རང་འགུལ་གྱིས་རྒྱལ་སྤྱིའི་མི་ཆོས་བརྗེ་རེས་ལ་ཡར་སྐུལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་དར་ན་རྒྱལ་ཁབ་དར་བ་དང་། ན་གཞོན་རྒྱས་ན་རྒྱལ་ཁབ་རྒྱས་པ་ཡིན། རྒྱ་ཆེའི་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་ནི་ཞང་ཀང་དང་ཨོ་མིན་གྱི་རེ་བ་དང་མ་འོངས་པ་ཡིན་པར་མ་ཟད། རྒྱལ་ཁབ་འཛུགས་སྐྲུན་གྱི་སྟོབས་ཤུགས་གསར་པ་ཡང་ཡིན་པས། ཞང་ཀང་དང་ཨོ་མིན་གྱི་ན་གཞོན་རྣམས་ལ་རོགས་རམ་བྱས་ཏེ་སློབ་སྦྱོང་དང་ལས་ཞུགས། ལས་སྐྲུན་སོགས་ཕྱོགས་ཀྱི་དཀའ་ངལ་དང་གནད་དོན་ཐག་བཅད་ནས། ན་གཞོན་རྣམས་ཀྱིས་ཕུགས་བསམ་མངོན་འགྱུར་བྱེད་པར་ཕན་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

        ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱས་ན། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླར་ཕན་པ་ཆེན་པོ་ཡོད་ལ། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་ལ་ཡང་འོད་སྟོང་འབར་བའི་མདུན་ལམ་བསྐྲུན་ངེས། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སེམས་ཤུགས་གཅིག་མཐུན་དང་འབད་བརྩོན་ལྷོད་མེད། དཀའ་ངལ་འཛེམ་མེད། སྤོབས་པ་ཉམས་མེད་བཅས་ཀྱི་སྒོ་ནས་ང་ཚོའི་དམིགས་འབེན་མངོན་འགྱུར་བྱེད་དགོས། རྒྱ་ཆེའི་ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་ནང་ལོགས་མི་དམངས་དང་མཉམ་དུ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་བསྐྲུན་ནས། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླར་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།  །