དབུ་ཤོག >> ས་གནས་གསར་འགྱུར།
རིག་གནས་ཀྱི་ཕྱོགས་ནས་མྱི་ཟུར་གྱི་གཏམ་བརྒྱུད་བཤད་པ།
རྩོམ་པ་པོ། དུས་ཚོད། 2018-11-04 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས་2ཉིན་གྱི་དགོང་མོར།  གཞོན་ནུའི་ཁྱིམ་ཚང་ཐེངས་དགུ་པའི་སློབ་སྦྱོང་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཧྲུའུ་ཁུང་ཅན་སྤུས་རྟགས་མགྲོན་ཁང་དུ་བསྡུས།  བྱེད་སྒོའི་ཐོག་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་རྒན་པད་མ་ཚེ་རིང་གིས་རིག་གནས་ཀྱི་ཕྱོགས་ནས་མྱི་ཟུར་གྱི་གཏམ་རྒྱུད་བཤད་ཞེས་པ་བརྗོད་གཞི་གཙོ་བོར་བྱས་ནས་བརྗེ་རེས་དང་མཉམ་སྤྱོད་བྱས་པ་རེད།

ནན་ཏན་ངང་རྒན་གྱི་སྐད་ཆ་ཉན་བཞིན་པ།

        བྱེད་སྒོའི་ཐོག  རྒན་པད་མ་ཚེ་རིང་གིས་མྱི་ཟུར་གྲོང་སྡེའི་གནས་ཚུལ་མདོར་བསྡུས་དང་།  མྱི་ཟུར་གྱི་ཐོན་སྐྱེད་ངལ་རྩོལ།  མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ།  དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་སོགས་ཀྱི་རིག་གནས་སྣང་ཚུལ་ལ་སྐོར་བ་དང་།  ཁོང་ཉིད་ཀྱིས་ཞིབ་དཔྱད་དང་དམངས་སྲོལ་འཚོལ་བསྡུ་བྱས་པའི་པར་རིགས་དང་ཟུང་འབྲེལ་བྱས་ནས།  མྱི་ཟུར་གྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་འགྲེལ་བཤད་བྱས་པ་རེད།

རྒན་པད་མ་ཚེ་རིང་གིས་རང་གི་པར་རིགས་དང་ཟུང་འབྲེལ་བྱས་ནས་ངོ་སྤྲོད་བྱེད་བཞིན་པ།

མྱི་ཟུར་གྲོང་སྡེ།

        དང་ཐོག རྒན་པད་མ་ཚེ་རིང་གིས་ས་བབ་ཀྱི་ཟེར་སྒྲོས་དང་མི་ཉག་དང་ས་མཚམས་འབྲེལ་བའི་ཟེར་སྒྲོས།   མུའུ་ལི་དང་ས་མཚམས་འབྲེལ་བའི་ཟེར་སྒྲོས་སོགས་ཀྱི་ཟེར་སྒྲོས་འགའ་ནས་མྱི་ཟུར་གྲོང་སྡེའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱེད་དེ།   མྱི་ཟུར་གྲོང་སྡེ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་པ་དང་།  སི་ཁྲོན་ཞིང་ཆེན་འདབ་པ་རྫོང་ཏུང་ཉི་ཤང་དང་མུའུ་ལི་རྫོང་ཨེ་ཨོ་ཡ་ཤང་ལ་ཆུ་བོ་གཅིག་གིས་ཆོད་པ་རེད།  སྔོན་ཆད་ཀྱི་དུས་སུ་མྱི་ཟུར་གྲོང་སྡེ་ལ་ས་གནས་དེ་གའི་མི་རྣམས་ཀྱིས་ཡུལ་གབ་ཞེས་འབོད་སྲོལ་ཡོད་ལ།  2002ལོའི་ཟླ་10པའི་ཚེས་8ཉིན་ནས་ཚེས་16ཉིན་གྱི་བར་དུ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཆེད་མཁས་པ་ཅི་མུའུ་སང་སའེ་ཨེར་དང་ལའེ་སི་མོ་ལུའོ་དབྱི་སོགས་སེམས་ཀྱི་ཉི་ཟླའི་མྱི་ཟུར་གྲོང་དང་འཇོལ་རྫོང་མེ་ལོང་གྲོང་དུ་ཕེབས་པ་དང་།  མྱི་ཟུར་གྲོང་ལ་འཛམ་གླིང་གི་གྲོང་ཚོ་དང་པོ་ཞེས་པའི་མིང་བཏགས།   དེ་ནས་བཟུང་མྱི་ཟུར་གྲོང་སྡེ་རིམ་བཞིན་མི་རྣམས་ཀྱིས་ཤེས་པ་རེད།

        དེའི་རྗེས་སུ། རྒན་པད་མ་ཚེ་རིང་གིས་མྱི་ཟུར་གྲོང་སྡེའི་ཐོན་སྐྱེད་ངལ་རྩོལ་དང་།  ཁྱིམ་ཚང་སྒྲིག་གཞི་སོགས་ཀྱི་ཐད་ནས་སྔ་ནས་ད་བར་སྐྱོན་མེད་དུ་སོར་འཇོག་བྱས་ཡོད་པའི་སྲོལ་རྒྱུན་གྱི་ལག་རྩལ་དང་གོམས་གཤིས་ངོ་སྤྲོད་བྱས་ཏེ།  མྱི་ཟུར་གྲོང་སྡེས་ཕྱུགས་ལས་དར་འཕེལ་གཏོང་བའི་དུས་མཚུངས་སུ།  བོད་ཆང་སྙོལ་བ་དང་ཐག་བཏགས་པ།  གོས་རྒྱན་བཟོ་པ་སོགས་ཀྱི་སྲོལ་རྒྱུན་ལག་རྩལ་སོར་འཇོག་བྱས་ཡོད་པས།  མྱི་ཟུར་བའི་ཁྱིམ་ཚང་ལག་རྩལ་དར་འཕེལ་ཕུན་སུམ་ཚོགས་པོར་གཏོང་ཡོད།   དེ་མིན།  ལོ་ལྟར་གྱི་བོད་ལུགས་ལོ་གསར་དང་བདུན་པ་བཅོ་ལྔ།  རི་སྐྱབས་རྟ་རྒྱུག་དུས་ཆེན་དུ།  གྲོང་མི་རྣམས་ཀྱིས་ལྷན་དུ་འཛོམས་ནས་རྟ་རྒྱུག་པ་དང་བསྲང་ཕུལ་བ།  དུང་འབུད་པ།  སྐོར་བྲོ་འཁྲབ་པ།  གྲལ་རིང་སྒྲིག་པ་སོགས་ཀྱི་དུས་ཆེན་རྟེན་འབྲེལ་གོམས་གཤིས་དག་སོར་འཇོག་བྱས་ནས།  མྱི་ཟུར་གྲོང་སྡེའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ་དང་རྒྱུད་འཛིན་ཡག་པོ་བྱས་པ་རེད།


བྱེད་སྒོའི་ཡུལ་དངོས།

        བྱེད་སྒོའི་ཐོག  རྒན་པད་མ་ཚེ་རིང་གིས་ད་དུང་བཀའ་དྲིན་གསོ་བ་ཞེས་པ་བརྗོད་གཞི་བྱས་ནས།  མེས་པོ་རྣམས་ཀྱིས་ཚེ་སྲོག་ལ་བཀུར་ཞིང་སྐྲག་པའི་འདུ་ཤེས་དང་།  སྲིད་འཛིན་ས་ཁོངས་བསྐྱར་དུ་བགོ་བ།  རང་བྱུང་ནགས་ཚལ་སྲུང་སྐྱོང་སྲིད་ཇུས།  གཙང་གསུམ་མཉམ་རྒྱུག་གི་རང་བྱུང་ཤུལ་བཞག་སྙན་སེང་ཞུ་པ།  དངོས་མིན་རིག་གནས་ཤུལ་བཞག་དོན་དུ་འཁྱོལ་བ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་མཐའ་འཁྱོངས་བྱས་པ་སོགས་ཀྱི་ཐད་ནས་མྱི་ཟུར་ཡུལ་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པའི་གོ་དོན་ཟབ་མོ་བརྗེ་རེས་བྱས་པ་རེད།

བྱེད་སྒོའི་ཡུལ་དངོས་སུ་གྲོས་གླེང་དང་བརྗེ་རེས་བྱེད་བཞིན་པ།

        བྱེད་སྒོའི་མཐར།  ཚང་མས་མྱི་ཟུར་གྲོང་སྡེའི་ལོ་རྒྱུས་ཀྱི་ཡིག་ཆར་བཀོད་པ་དང་སྤྱི་ཚོགས་ཀྱི་གྲུབ་ཚུལ།  རིག་གནས་ཀྱི་རྒྱུད་འཛིན་སོགས་ཀྱི་ནང་དོན་ལ་གྲོས་གླེང་བྱས་པ་མ་ཟད།  རྒན་པད་མ་ཚེ་རིང་གིས་ད་དུང་གཞོན་སྐྱེས་ཚོས་རིག་གནས་སློབ་སྦྱོང་དང་རིག་གནས་རྒྱུད་འཛིན་བྱེད་ཐབས་སྐོར་ལ་བསམ་འཆར་འགའ་བཏོན་ཏེ།  གཅིག་ནི་འཚོ་བར་མཉམ་འདྲེས་བྱེད་དགོས་པ་དང་།  དཔེ་ཆ་ནས་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་རང་བྱུང་དང་འཚོ་བ་ནས་རིག་གནས་ལ་སློབ་སྦྱོང་དང་མྱོང་ཚོར་བྱེད་དགོས།  གཉིས་ནི་ཟིན་ཐོ་ཡག་པོ་འགོད་དགོས་པ་དང།  མྱངས་མྱོང་དང་ཤེས་བྱ་གསོག་དགོས་པ།  གསུམ་ནི་མི་རིགས་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་དགོས་སྟེ།  སྐད་ཡིག་དང་ལོ་རྒྱུས་ལ་བརྟེན་ནས་རིག་གནས་སློབ་སྦྱོང་བྱེད་དགོས་པ་དང་རིག་གནས་ལ་རྒྱུས་ལོན་བྱེད་དགོས།