ཟླ་11པའི་ཚེས་1ཉིན་ནས་ཁྲིམས་སྲོལ་གསར་པ་ཁག་ཅིག་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-02   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཟླ་11ཚེས་1ཉིན། ཁྲིམས་སྲོལ་གསར་པ་སྐོར་ཞིག་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་ཏུ་སྨན་རྫས་རིགས་165གསར་སྣོན་བྱ་རྒྱུ་ཡིན་པ་དང་། དེར་སྐྲན་སྨན་རིགས་12དང་། ནད་ཐོག་སྨན་བཅོས་ལ་དགོས་མཁོ་ཆེ་བའི་བྱིས་པའི་སྨན་རིགས་22སོགས་ཡོད། གཞན་“ལག་ཁྱེར་དང་འཛིན་ཡིག་ལོགས་འབྱེད་”ཀྱེ་སྒྱུར་བཅོས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་དང་། ལས་རིགས་ཁག་ཅིག་གིས་ལས་གཉེར་ལག་ཁྱེར་གཉེར་རྗེས་དུས་ཐོག་ཏུ་འབྲེལ་ཡོད་གཉེར་སྐྱོང་བྱེད་སྒོ་སྤེལ་ཐུབ་ཀྱི་ཡོད། ད་དུང་པེ་ཅིང་དུ་གློག་སྒུལ་འཁོར་རིགས་ཀྱིས་ཐོ་འགོད་འཁོར་རྟགས་བཀལ་རྗེས་ད་གཟོད་བགྲོད་ལམ་དུ་བསྐྱོད་ཆོག་པ་དང་། ཧྲན་ཏུང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཁ་པར་སློབ་གྲྭའི་ནང་འཁྱེར་མི་ཆོག་པ་བྱ་རྒྱུ་སོགས་འདུས་ཡོད།

           རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་ནང་སྨན་སྣ་165གསར་སྣོན་བྱ་རྒྱུ་དང་། དེར་སྐྲན་སྨན་རིགས་12འདུས་ཡོད།


        རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག(2018 ལོའི་པར་གཞི།)》ཅེས་པ་2018 ལོའི་ཟླ་11པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 2012ལོའི་དཀར་ཆག་དང་བསྡུར་ན་2018ལོའི་དཀར་ཆག་ནང་སྨན་རྫས་རིགས་རྣམ་ཐོག་མའི་ཁ་གྲངས་520ནས་685རུ་འཕར་ཡོད་པ་དང་། དེའི་ནང་ནུབ་སྨན་རིགས་417དང་། ཀྲུང་ལུགས་ཀྱི་སྨན་268 (དེའི་ནང་མི་རིགས་སྨན་འདུས་ཡོད། )ཡོད། འབུར་ཐོན་དང་རྒྱུན་ཐོན་ནད་གཞི་དང་། གཅོང་ནད་དང་ཁུར་པོ་ལྕི་ཞིང་གནོད་འཚེ་ཧ་ཅང་ཆེ་བ། སྤྱི་པའི་འཕྲོད་བསྟེན་སོགས་སྐོར་ཀྱི་གཞི་རྩའི་སྨན་རྫས་ཀྱི་དགོས་མཁོར་གཞིགས་ནས། གསར་སྣོན་བྱ་རྒྱུའི་སྨན་རྫས་ཁྲོད་དུ་སྐྲན་སྨན་རིགས་12དང་། ནད་ཐོག་སྨན་བཅོས་ལ་དགོས་མཁོ་ཆེ་བའི་བྱིས་པའི་སྤྱོད་སྨན་རིགས་22 འདུས་ཡོད་པ་རེད།

        《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག》ཁྲོད་ཀྱི་གཞི་རྩའི་སྨན་རྫས་དེ་དག་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་སྤྱད་ནས་མཁོ་སྤྲོད་ནུས་ལྡན་ཡོང་བ་འགན་ལེན་བྱེད་པ་དང་། རྒྱུན་ཆད་མེད་པའི་མཁོ་སྤྲོད་ཐུབ་པ་འགན་ལེན་ཏན་ཏིག་བྱེད་པ། གནས་གཏན་འཁེལ་ཐོག་གསོག་འཇོག་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐོན་སྐྱེད་དང་མཁོ་སྤྲོད་ལ་འགན་ལེན་བྱས་ཏེ་ནོར་སྲིད་ཀྱི་ཆེད་དམིགས་འགྲོ་གྲོན་དང་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བརྒྱུད་ནས། ཆུ་ཚད་མཐོ་བའི་འགན་ལེན་བྱས་ནས་ནད་པའི་གཞི་རྩའི་སྨན་རྫས་ཀྱི་འགན་འཁུར་རང་བཞིན་མཐོར་འདེགས་གཏོང་རྒྱུ་ཡིན་པ་རེད།

           ཐོན་རྫས་ཁག་ཅིག་གི་ཕྱིར་གཏོང་ཁྲལ་སློག་གི་ཚད་མཐོ་རུ་གཏོང་རྒྱུ།

        ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། དཔྱ་ཁྲལ་ལམ་ལུགས་སྔར་བས་སྟབས་བདེར་གཏོང་བ་དང་ཕྱིར་གཏོང་ཁྲལ་སློག་གི་སྲིད་ཇུས་འཐུས་ཚང་དུ་གཏོང་ཆེད། ཐོན་རྫས་ཁག་ཅིག་ལ་གནས་ཐང་འཕར་ཁྲལ་དང་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་ལེགས་སྒྲིག་བྱ་རྒྱུ་མ་ཟད། ད་ལོའི་ཟླ་11པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད། དེའི་ཁྲོད་དུ་པར་ཤོག་སྤྱིན་ཤོག་འགྲིལ་མ་དང་། སྤོས་འགྱིག་གི་ཐོན་རྫས། སྨྱུག་མའི་མཐིལ་ཤིང་། རྩྭའི་འཁེལ་འཐག་ཐོན་རྫས་དང་། མཁྲེགས་བསྒྱུར་ཤེལ། གློག་སྒྲོན་ཡོ་བྱད་སོགས་ཐོན་རྫས་ཀྱི་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་བརྒྱ་ཆ་16བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

           ཚོང་ཟོག་ཁག་ཅིག་གི་ནང་འདྲེན་སྒོ་ཁྲལ་དམའ་རུ་གཏོང་རྒྱུ།

        ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། 2018ལོའི་ཟླ་11པའི་ཚེས་1ཉིན་ནས་བཟུང་། ཚོང་ཟོག་ཁག་གཅིག་གི་གཟིགས་སྐྱོང་ཆེ་ཤོས་ཀྱི་ཁྲལ་ཚད་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་བསྒྲགས་ཡོད། ད་ཐེངས་ཀྱི་ཁྲལ་ཚད་གཅོག་རྒྱུའི་ཚོང་ཟོག་ལ་ཁྱོན་བསྡོམས་ཁྲལ་རྣམ་1585ཡོད་པ་དང་། དེས་ཀྲུང་གོའི་ཁྲལ་གྱི་རྣམ་གྲངས་བསྡོམས་འབོར་གྱི་19%ཟིན་པ་དང་ཆ་སྙོམས་ཁྲལ་ཚད་བརྒྱ་ཆ་10.5%ནས་7.8%བར་ཆག་རྒྱུ་དང་། ཆ་སྙོམས་ཀྱི་མཪ་ཆག་ཚད་26%ཟིན་ཡོད་པ་རེད།

        ད་ཐེངས་ཀྱི་ཁྲལ་གཅོག་བྱེད་ཐབས་ཀྱི་དམིགས་ས་གཙོ་བོ་ནི་ཐོན་སྐྱེད་ལ་མཁོ་བའི་གློག་འཕྲུལ་སྒྲིག་བཀོད་དང་། ལྷུ་ལག་ཆེ་ཆུང་། རྒྱུ་ཆ་དང་རྒྱུ་ཆས་སོགས་བཟོ་ལས་ཐོན་རྫས་ལ་ཁྲལ་ཆག་བྱ་རྒྱུ་དེ་ཡིན་པ་དང་། མང་པོ་ཞིག་ནི་རྒྱལ་ནང་ཁེ་ལས་ཀྱི་ཐོན་སྐྱེད་མ་གནས་དམའ་རུ་བཏང་བ་བརྒྱུད། རྒྱལ་ནང་ཁེ་ལས་ཀྱི་མཁོ་སྤྲོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། གཞན་བརྒྱུད་ཀྱིས་ཀྲུང་གོའི་ཐོན་ཟོག་གི་སྤུས་གོང་བསྡུར་ཚད་ལེགས་བཅོས་བཅས་བྱས་ནས། མཇུག་མཐར་མང་ཚོགས་ལ་ཕན་ཐོགས་པ་བྱ་རྒྱུ་དེ་རེད།

           “ལག་ཁྱེར་དང་འཛིན་ཡིག་ལོགས་འབྱེད་”ཀྱི་སྒྱུར་བཅོས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི་《རྒྱལ་ཡོངས་སུ་“ ལག་ཁྱེར་དང་འཛིན་ཡིག་ལོགས་འབྱེད་” ཀྱི་སྒྱུར་བཅོས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་སྦྱོར་》ཞེས་པར། 2018ལོའི་ཟླ་11པའི་ཚེས་10ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁག་དང་པོའི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱི་ཞིབ་མཆན་འགོད་རྒྱུའི་དོན་གནད་106ལ། སོ་སོར་ཐད་ཀར་ཞིབ་མཆན་འགོད་རྒྱུའི་དོན་གནད་མེད་པ་བཟོས་ཏེ། ཞིབ་བཤེར་ཆོག་མཆན་འགོད་རྒྱུ་དེ་གྲབས་ཐོ་འགོད་རྒྱུར་སྒྱུར་རྒྱུ་དང་། ཁས་ལེན་གསལ་བཤད་ལག་བསྟར་བྱེད་པ། ཞུགས་འཐུས་ཞབས་ཞུ་སོགས་བྱེད་ཐབས་རིགས་བཞི་ལེགས་སུ་བཏང་ནས། “ལག་ཁྱེར་དང་འཛིན་ཡིག་ལོགས་འབྱེད་” བསྒྱུར་བཅོས་བྱ་དགོས་པའི་བླང་བྱ་བཏོན་ཡོད།

           《སྤྱི་བདེ་ལས་ཁུངས་ཀྱི་དྲ་སྦྲེལ་བདེ་འཇགས་ལྟ་སྐུལ་བརྟག་དཔྱད་སྐོར་གྱི་གཏན་འབེབས་》 ལག་བསྟར་བྱ་རྒྱུ།

        《སྤྱི་བདེ་ལས་ཁུངས་ཀྱི་དྲ་སྦྲེལ་བདེ་འཇགས་ལྟ་སྐུལ་བརྟག་དཔྱད་སྐོར་གྱི་གཏན་འབེབས་》ཞེས་པ་2018ལོའི་ཟླ་11ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། གཏན་འབེབས་ལྟར་ན་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་དགོས་མཁོ་དང་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་བྱེད་པའི་གནས་ཚུལ་དངོས་ལ་གཞིགས་ནས། དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་དྲ་སྦྲེལ་སྤྱོད་མཁན་སྡེ་ཚན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

        སྤྱི་བདེ་ལས་ཁུངས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས། ལས་གཉེར་བྱེད་ས་དང་། རྩིས་འཁོར་ཁང་། ལས་ཡུལ་དངོས། ལྟ་སྐུལ་ཞིབ་བཤེར་བྱ་ཡུལ་ཀྱི་འགན་འཁུར་པའམ་དྲ་རྒྱའི་བདེ་འཇགས་དོ་དམ་མི་སྣས་ལྟ་སྐུལ་ཞིབ་བཤེར་བྱ་བའི་ཐད་ལ་གསལ་བཤད་བྱེད་པ། ལྟ་བཤེར། དྲ་སྦྲེལ་བདེ་འཇགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་དོན་ཚན་གྱི་འབྲེལ་ཡོད་ཆ་འཕྲིན་འདྲ་བཟོ་བྱེད་པ། དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་སྲུང་སྐྱོང་ལག་རྩལ་དང་བྱེད་ཐབས་དང་། འཁོར་སྐྱོད་གནས་ཚུལ་སོགས་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཆོག་པ་རེད།

           པེ་ཅིང་དུ་གློག་སྒུལ་འཁོར་རིགས་ཐོ་འགོད་བྱ་དགོས་ཤིང་འཁོར་རྟགས་བཀལ་རྗེས་གཞི་ནས་གཞུང་ལམ་ཐོག་བསྐྱོད་ཆོག

        《པེ་ཅིང་གྲོང་ཁྱེར་གྱི་འཕྲུལ་སྒུལ་མིན་པའི་འཁོར་ལོ་དོ་དམ་སྲོལ་ཡིག》ཞེས་པ་ཟླ་11པའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་ནང་གློག་སྒུལ་རྐང་འཁོར་ཐོ་འགོད་བྱས་ཤིང་འཁོར་རྟགས་བཀལ་རྗེས་ད་གཟོད་གཞུང་ལམ་ཐོག་བསྐྱོད་ཆོག་པ་གཏན་ཁེལ་བྱས་ཡོད། གཏན་འབེབས་ལྟར་ན་གློག་སྒུལ་རྐང་འཁོར་རེ་ཞུ་ཐོ་འགོད་བྱེད་པར། ཉོས་པའི་ཉིན་ནས་བཟུང་ཉིན་15ནང་ཚུན་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་རེ་བ་ཞུས་ནས་ཐོ་འགོད་བྱེད་དགོས་པ་དང་། སྲོལ་ཡིག་ལག་བསྟར་མ་བྱས་གོང་ཉོས་པའི་རིགས་2019ལོའི་ཟླ་4པའི་ཚེས་30ཉིན་གྱི་སྔོན་ལ་ཐོ་འགོད་བྱེད་ཐུབ་ཅེས་གཏན་ཁེལ་བྱས་ཡོད།

ཧྲན་ཏུང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཁ་པར་འཁྱེར་ནས་སློབ་གྲྭར་བསྐྱོད་མི་ཆོག་པ་བྱ་རྒྱུ།

        《ཧྲན་ཏུང་ཞིང་ཆེན་གྱི་སློབ་མའི་གཟུགས་གཞི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ཅེས་པ་ཟླ་11པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། རྩ་དོན་ཁྲོད་དུ་སློབ་མས་སློབ་གྲྭའི་སློབ་ཁང་དུ་སློབ་སྦྱོང་བྱེད་པའི་ཉིན་རེའི་དུས་ཚོད་ནི་སློབ་ཆུང་དུ་ཆུ་ཚོད་6ལས་བརྒལ་མི་རུང་བ་དང་། སློབ་འབྲིང་ཆུ་ཚོད་8ལས་མི་བརྒལ་བ། བཀོད་སྒྲིག་བྱས་པའི་སྦྱོང་ཚན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་བྱ་བའི་གཞི་རྩའི་ཚད་གཞི་ལས་བརྒལ་མི་ཆོག་པ། སློབ་མར་ལུས་རྩལ་བྱེད་སྒོ་དང་ངལ་གསོ་དང་གཉིད་ཉལ་བའི་དུས་ཚོད་འདང་ངེས་ཤིག་ཡོད་པར་བྱ་དགོས་པ་བཅས་གཏན་འབེབས་བྱས་ཡོད།

        རྩ་དོན་ནང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭར་སྡོད་རིང་གློག་རྡུལ་ཐོན་རྫས་བེད་སྤྱོད་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་མས་རང་ཉིད་ཀྱི་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་སློབ་ཁང་དུ་འཁྱེར་བའི་རིགས་གཏན་འགོག་བྱེད་པ། སློབ་གྲྭའི་ཕྱོགས་ནས་སློབ་མས་གོང་གསལ་མི་སྒེར་གྱི་གློག་རྡུལ་ཐོན་རྫས་འཁྱེར་ཡོང་བ་ཤེས་རྗེས་གཅིག་གྱུར་གྱིས་ཉར་ཚགས་བྱ་རྒྱུ་དང་། ལོ་ན་མ་སོན་པའི་སློབ་ཕྲུག་གི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་སློབ་མའི་ལག་ཐོགས་ཁ་པར་སོགས་སྤྱོད་པའི་དུས་ཚོད་ཚོད་འཛིན་བྱེད་དགོས་པ་གཏན་འབེབས་བྱས་ཡོད།