དབུ་ཤོག >> ས་གནས་གསར་འགྱུར།
བདེ་ཆེན་གྱིས་ཕྱོགས་བཞིའི་འགྲིམ་འགྲུལ་འཛུགས་སྐྲུན་ལ་ཤུགས་ཆེན་འདོན་བཞིན་པ།
རྩོམ་པ་པོ། དུས་ཚོད། 2018-11-01 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


པར་འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ནས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ཡིན།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནས་ཡིན་པའི་བསོད་ནམས་ལྷ་འཛོམས་ཀྱིས་ཉི་ཤར་ནས་མཐའ་ཆུའི་བར་གྱི་གཞུང་ལམ་ཤར་གཏོང་མ་ཐུབ་སྔོན་ལ་ང་ཚོ་སེམས་ཀྱི་ཉི་ཟླའི་སྨན་ཁང་དུ་འགྲོ་ན་མ་མཐའ་ཡང་དུས་ཚོད་བཞི་དགོས་ལ།  ད་སྐབས་དུས་ཚོད་གཉིས་ཀྱི་ནང་ཐོན་ཐུབ་པ་རེད།ལྷག་པར་དུ་ཉེ་བའི་ལོ་འདི་དག་གི་རིང་ལ་གཞུང་ལམ་འདི་མཛེས་སྡུག་གི་གཞུང་ལམ་དུ་བསྒྱུར་རྗེས་ཡུལ་སྐོར་བ་ལོ་རེ་ནས་ཇེ་མང་ཡིན་པས་གྲོང་གསེབ་ཡུལ་སྐོར་དང་གྲོང་ཚོའི་ནང་གི་ཁྱད་རྫས་ཕྱིར་འཚོང་ལ་སེམས་ཁྲལ་མེད་ཅེས་བཤད།སྣང་ཚུལ་འདི་བདེ་ཆེན་གྱིས་ཕྱོགས་བཞིའི་འགྲིམ་འགྲུལ་འཛུགས་སྐྲུན་བྱས་པའི་བསྡུས་རིས་ཤིག་ཡིན་པ་སྨྲ་མི་དགོས།

        བདེ་ཆེན་གཞུང་ལམ་ཅུས་ཀྱིས་2015ལོར་གཞུང་ལམ་དང་གཞུང་ལམ་ས་ཚིགས་འཛུགས་པའི་འགོ་ཚུགས་པ་ནས་བཟུང་གཞུང་ལམ་+་ཡུལ་སྐོར་གྱི་འཛུགས་སྐྲུན་ཇུས་གཞིར་དམིགས་ནས་ཧུར་བརྩོན་གྱིས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཛུགས་སྐྲུན་ལ་རམ་འདེགས་བྱས་ཤིང་།གཞུང་ལམ་རྙིང་བ་དང་གཞུང་ལམ་གསར་བའི་གཅིག་གྱུར་གྱི་ལྗོངས་གཟིགས་སྟེགས་སུ་འཆར་འགོད་བྱས་པ་རེད།གཞུང་ལམ་ལ་བདག་པོ་བཟང་བ་དང་ཤར་གཏོང་ལ་འགན་ལེན་ཐུབ་པའི་དུས་མཚུངས་སུ་གཞུང་ལམ་ཅུས་ཀྱིས་མཛེས་སྡུག་གི་གཞུང་ལམ་དང་སྐྱེ་ཁམས་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མཉམ་འབྲེལ་གྱིས་ཕན་འབྲས་ལྡན་པའི་ཐབས་ཇུས་དང་ཕན་ནུས་ཡོད་པའི་ནུས་ཤུགས་བཏོན་ཞིང་།ས་གནས་དང་འཚམས་པའི་བགྲོད་བདེའི་གཞུང་ལམ་དང་མཛེས་སྡུག་གི་གཞུང་ལམ།རིག་པའི་གཞུང་ལམ།བདེ་འཇགས་ཀྱི་གཞུང་ལམ་ཞེས་པ་བརྗོད་གཞི་གཙོ་བོར་བྱས་པའི་ཕྱོགས་བཞིའི་གཞུང་ལམ་འཛུགས་སྐྲུན་བྱས།

        བདེ་ཆེན་གཞུང་ལམ་ཅུས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་1.1བཏང་ནས།སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་ནས་པོ་ཏ་མཚོའི་བར་དང་སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ།འཇོལ་རྫོང་དགོན་པ་སྟེང་ནས་དབུ་ནུབ་སྟེང་གི་གཞུང་ལམ།ཉི་ཤར་ནས་མཐར་ཆུའི་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་སྤྱི་ལེ་390ལྷག་ཡོད་པའི་མཛེས་སྡུག་གི་གཞུང་ལམ་འཛུགས་སྐྲུན་བྱས་ལ།བསྡོམས་པས་རླངས་འཁོར་འཇོག་ས་དང་ཚོང་ལས་དང་ཆ་འཕྲིན་ཞབས་ཞུ།ངལ་གསོ་སོགས་སྤྱོད་སྒོ་ཆེན་པོ་7ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ས་ཚིགས་2བཙུགས་ཡོད་པ་དང་།ཞབས་ཞུའི་ས་ཚིགས་6ལས་བཞིན་པའི་སྒང་ཡིན་པ་རེད།སྤྱིར་བཏང་གི་ལྗོངས་གཟིགས་སྟེགས་བུ་27ཡོད་དེ།འགྲོ་འོང་བྱེད་པའི་ཁ་ལོ་བ་རྣམས་ལ་བདེ་འཇགས་དང་བདེ་མོ།མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་སྐྲུན་ཡོད་པ་རེད།