དབུ་ཤོག >> 香格里拉藏文网
ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས་འགོ་བརྩམས།
རྩོམ་པ་པོ། དུས་ཚོད། 2018-11-01 རྩོམ་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

        ཟླ10པའི་ཚེས30ཉིན། ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ནས། ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས

        ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས། ཀྲའོ་ལི་ཅི་ཡིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།
        རྔམ་བརྗིད་ལྡན་པའི་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཞེས་པའི་ཚོགས་འདུའི་མིང་བཀལ་ཡོད། བཀྲག་མདངས་འཚེར་བའི་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ཀྲུའུ་ཞིའི་སྟེགས་བུའི་རྒྱལ་རས་ཀྱི་དཀྱིལ་དུ་བཀལ་ཡོད་ལ། དར་དམར་བཅུ་དེའི་ལོགས་གཉིས་སུ་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་སྒོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་པའི་འཕྲེད་བྱང་ཆེན་པོ་བཀལ་ཡོད། རྒྱལ་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཆིག་སྟོང་དྲུག་བརྒྱ་སོ་བདུན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཆེད་ཞུའི་འཐུས་མི་དོན་དགུས་བུད་མེད་ཁྲི་དུང་ཕྱུར་འགའི་མངགས་བཅོལ་དང་དུ་བླངས་ནས་ཚོགས་ཆེན་ལ་ཞུགས།
        སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཐོན་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
        རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་ཡིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
        ཀྲའོ་ལི་ཅི་ཡིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ཁ་ཡིག་ལ་དུས་རབས་གསར་པའི་བགྲོད་ལམ་སྟེང་དུ་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་པའི་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་དགོས་ཞེས་པའི་ཤིས་ཚིག་ཕུལ། ཀྲའོ་ལི་ཅི་ཡིས་ཐོག་མར་ཚོགས་ཆེན་ཚོགས་འགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་དང་རྒྱ་ཆེའི་བུད་མེད་བྱ་བ་སྒྲུབ་མཁན་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཐེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་རྣམས་དང་། ཕྱིར་སྡོད་ཀྲུང་གོའི་བུད་མེད་རྣམས་ལ་སྨོན་འདུན་བཟང་པོ་ཞུས།
        ཀྲའོ་ལི་ཅི་ཡིས་ཤིས་ཚིག་ཁྲོད་དུ་གསུངས་རྒྱུར། ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚུན་ལ། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འདུ་ཤེས་བཞི་ཇེ་དྲག་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ཞིང་། རྒྱ་ཆེའི་བུད་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་འགན་འཁྲི་དངོས་སུ་ཁུར་དུ་བླངས་ཏེ། རང་རྒྱལ་གྱི་བུད་མེད་ལས་དོན་གོང་འཕེལ་དུ་གཏོང་བ་དང་ཏང་གིས་སྲིད་འཛིན་པའི་མང་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་བར་བྱས་རྗེས་གསར་པ་བཞག རྒྱ་ཆེའི་བུད་མེད་ཀྱི་བསམ་བློར་རྣམ་པ་གསར་པ་བྱུང་ནས། རང་བརྩོན་ལྷོད་མེད་དང་བློ་བརྟན་འགྱུར་མེད། སྤྱང་གྲུང་དཀྱེལ་ཡངས་བཅས་ཀྱི་དུས་རབས་གསར་པའི་བུད་མེད་ཀྱི་གཤིས་ཀ་མངོན་ཡོད་ཟེར།
        ཀྲའོ་ལི་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བུད་མེད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་བུད་མེད་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་རླབས་ཆེན་དཔེ་རིས་མངོན་འགྱུར་བྱེད་དགོས་ན། བུད་མེད་དང་བཅས་པའི་ཀྲུང་ཧྭ་བུ་བུ་མོ་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱེད་དགོས་པས། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཕུགས་བསམ་ཡིད་རྟོན་ཇེ་བརྟན་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལག་ལེན་པ་དང་། དུས་རབས་གསར་པར་བྱས་རྗེས་བཞག་ནས་རླབས་ཆེན་ལས་དོན་གྱི་འཛུགས་སྐྲུན་པ། སྣང་བརྙན་གསར་པ་ངོམ་ནས་དཔལ་ཡོན་སྲོལ་བཟང་གི་གྲོས་འདོན་པ། བགྲོད་ལམ་གསར་པར་སྐྱོད་ནས་ཕུགས་བསམ་སྙེག་པའི་འབད་འཐབ་པ་བཅས་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧོང་ཞའོ་ཝེ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་སྒོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ། སྙན་ཞུ་ཁག་ལྔ་རུ་བགོས་ཡོད་དེ། དུས་རབས་གསར་པར་ཞུགས་པའི་ཀྲུང་གོའི་བུད་མེད་དང་བུད་མེད་རྩ་འཛུགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བུད་མེད་བྱ་བའི་ལག་ལེན་གསར་པར་ཁྲིད་སྟོན་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་ཀྱི་འགན་འཁྲི་དང་ཁག་ཁུར། དུས་རབས་གསར་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་གྲུབ་འབྲས་གསར་པ་ལེན་པ། དུས་རབས་གསར་པའི་བུད་མེད་མཉམ་འབྲེལ་རྩ་འཛུགས་བཅོས་སྒྱུར་མཐའ་འཁྱོལ་བྱེད་པ་བཅས་རེད།
        ཚོགས་ཆེན་སྟེང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་བཟོ་བཅོས་འཆར་ཟིན་ཞེས་པའི་ཡིག་ཆ་འཐུས་མི་རྣམས་ལ་སྤྲད་ནས་གྲོས་ཞིབ་བྱེད་དུ་བཅུག