ཚྭ་ཁ་ལྷོའི་ཚྭ་ཞིང་། ཇ་རྟའི་གནའ་ལམ་གྱི་“འགྱུར་རྡོ་གསོན་པོ།”

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-31   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        རྫ་ཆུ་ལང་ལོང་དུ་འབབ་པ་དང་ཡུན་བོད་འབྲེལ་མཚམས་ཀྱི་རི་ཁུག་ཏུ་“S”དབྱིབས་ཞིག་ཆགས་ཡོད། ཚྭ་ཐོན་སྐྱེད་བྱས་ཏེ་བོད་རིགས་ས་ཁུལ་དུ་སྐད་གྲགས་ཆེ་བའི་ཚྭ་ཁ་ལྷོའི་ཚྭ་ཞིང་ནི་ཁུག་པ་འདིར་སྐུངས་ཡོད།

        བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་ཚྭ་ཁ་ལྷོའི་འཇང་མི་རིགས་ཤང་ནི་ལོ་རྒྱུས་ཐོག་བོད་ནས་འཇང་ལ་འགྲོ་བའི་ལམ་གཙོ་བོ་ཞིག་ཡིན་ལ། ཡུན་ནན་ཀྱི་ཇ་བོད་དུ་དབོར་ལམ་ཉག་གཅིག་ཡིན། ཚྭ་ཁ་ལྷོ་ཤང་གི་གནའ་བོའི་ཚྭ་ཞིང་དེ་ལོ་ངོ་བརྒྱ་སྟོང་མང་པོའི་རིང་(ལོ་ངོ་1300ཡི་ལོ་རྒྱུས་ཡོད།) གི་འཕེལ་རྒྱས་ལ་བརྟེན་ནས་གནས་འདི་ནི་བོད་རིགས་ས་ཁུལ་གྱི་འབྱོར་བ་ཕུན་སུམ་ཚོགས་པོ་ཆགས་ཡོད། དུས་མཚུངས་སུ་“ཇ་རྟའི་གནའ་ལམ་”སྟེང་མིའི་ཐབས་ལ་བརྟེན་ནས་གདོད་མའི་ཚྭ་སྐམ་པའི་རིག་གནས་ཀྱི་རྣམ་པ་ཉག་གཅིག་པུ་ད་ལྟ་ཡང་སྔར་བཞིན་སོར་འཇོག་བྱས་ཡོད་པས། འཛམ་གླིང་ཐོག་ཐུན་མོང་མ་ཡིན་པའི་གནའ་བོའི་ཚྭ་བཟོ་ཐབས་ཆ་ཚང་ཞིག་ཡིན།

        དེ་ལས་ཀྱང་ཡ་མཚར་བ་ཞིག་ནི། གཙང་པོ་གཅིག་ནས་ཆུ་བླངས་ཀྱང་ཚྭ་ཆུའི་ངོགས་གཉིས་པོའི་ཚྭ་ཞིང་གི་ཁ་དོག་དབྱེ་བ་གསལ་བོ་སྟེ་གཅིག་ནི་དམར་པོ་དང་གཞན་དེ་དཀར་པོ་ཆགས་ཡོད། ནུབ་ངོགས་ཀྱི་རྒྱ་སྟག་གྲོང་ཚོའི་ཚྭ་ཞིང་ནི་དམར་པོ་དང་ཤར་ངོགས་ཀྱི་ཚྭ་ཁ་ལྷོ་གྲོང་ཚོའི་ཚྭ་ཞིང་ནི་དཀར་པོ་ཡིན། དེ་བས་སོ་སོར་ཚྭ་ཞིང་དམར་པོ་དང་ཚྭ་ཞིང་དཀར་པོ་ཞེས་འབོད། ཡ་མཚན་ཆེ་བའི་སྣང་ཚུལ་དེ་ནི་རྫ་ཆུའི་ངོགས་གཉིས་ཀྱི་ས་རྒྱུ་མི་འདྲ་བའི་རྐྱེན་ཡིན། ནུབ་ངོགས་ཀྱིས་ཚྭ་ཞིང་དུ་ས་དམར་པོ་འདིང་བ་དང་། ཤར་ངོས་ཀྱིས་བྱེ་མའམ་ས་དཀར་འདིང་བ་ཡིན།

        ཆུ་བོའི་ཤར་ངོགས་ནས་ཚྭ་ཞིང་གནས་སའི་རྒྱ་སྟག་གྲོང་ཚོ་ལ་བལྟས་ཚེ། ཁྱིམ་དུད་ལྔ་བཅུ་ནས་དྲུག་ཅུ་ཡོད་པ་དང་། མི་སུམ་བརྒྱ་ལྷག་གིས་ཚྭ་ཞིང་མུའུ་བརྒྱ་ལྷག་ཙམ་གཉེར་སྐྱོང་བྱེད། ཆུ་ངོགས་ནི་ལ་ཐུར་གཟར་པོ་ཡིན། མི་རྣམས་ཀྱིས་ཤིང་དུམ་གྱིས་ཚྭ་ཞིང་གྲུ་བཞི་རིམ་པ་མང་པོ་བསྐྲུན་ཡོད། ཚྭ་ཆུ་ཉི་མར་སྐམ་ནས་ཆུའི་ཆ་ཤས་རླངས་འགྱུར་བྱས་པ་ལས་གཞན། བར་སྣང་དུ་དཔྱང་བའི་ཚྭ་ཞིང་ལས་ཆུ་བཙགས་པས་ཚྭ་གྲུབ་པའི་དུས་ཚོད་མགྱོགས་སུ་བཏང་།

        ཚྭ་བཟོ་པ་ནི་ཚྭ་ཁ་ལྷོའི་མི་དམངས་ཀྱི་འཚོ་གནས་ཀྱི་རྩ་བ་ཡིན་པ་མ་ཟད། ཚྭ་ཁ་ལྷོའི་མི་དམངས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། མིག་སྔར་ཚྭ་ཞིང་གྲུ་བཞི་2775ཡོད་པ་དང་། ཚྭ་བཟོ་ངལ་རྩོལ་བྱེད་པའི་དུད་ཚང་25ཡོད།

        གྲོང་མི་རྣམས་སྐས་ལས་མར་སྨི་བཅུ་ལྷག་ཟབ་པའི་དོང་དུ་བབས་ནས། ཚྭ་ཆུ་རྒྱབ་ལ་ཁུར་ནས་ཚྭ་ཞིང་ནང་བླུགས་པ་དེ། ཉི་འོད་དྲག་པོ་བརྒྱབ་པས། ཆུ་རིམ་བཞིན་རླངས་འགྱུར་རྗེས་ཚྭ་རྡོག་གྲུབ་པ་དང་། ཚྭ་སྐམ་རྗེས་ཚོང་རར་དྲུད་ནས་ཉོ་ཚོང་བྱེད་པ་ཡིན།  ཚྭ་ཞིང་རེར་ཚྭ་རྒྱ་མ་བཅུ་ལྷག་ཐོན་སྐྱེད་བྱེད་ཐུབ། ཉིན་གསུམ་ནས་ལྔའི་བར་ཐེངས་གཅིག་ཕྱགས་པ་དང་། གནམ་གཤིས་མི་བཟང་བའི་དུས་སུ་ཉིན་ཉི་ཤུ་ཡས་མས་ལ་ཐེངས་གཅིག་ཕྱགས་པ་ཡིན། ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་སྟེ། ལུགས་རྙིང་གི་ཟླ་བ་གཉིས་པ་དང་གསུམ་པའི་སྐབས་ནི་ཚྭ་ཐོན་ཚད་ཤིན་ཏུ་མཐོ་ཞིང་སྤུས་ཚད་ཡག་ཤོས་ཡིན། དུས་རྒྱུན་ལས་རིན་གོང་ཡང་མཐོ་བོ་ཡོད། ལོ་རེའི་ཚྭ་ཐོན་ཚད་རྒྱ་མ་ཁྲི་300དང་། ཡོང་འབབ་སྒོར་ཁྲི་100ནས་ཁྲི་130ཙམ་ཟིན་གྱི་ཡོད། ཚྭ་ཚོང་ཡུལ་ཅུང་ཁྱབ་ཆེ་སྟེ། བོད་ལྗོངས་ཆབ་མདོ་གོ་འཇོ་རྫོང་དང་འཇོ་མདའ་རྫོང་། བྲག་གཡབ་རྫོང་། མཛོ་སྒང་རྫོང་། དཔའ་ཤོད་རྫོང་། སྨར་ཁམས་རྫོང་། ཉིང་ཁྲིའི་རྫ་ཡུལ་རྫོང་ཕུད། ད་དུང་སི་ཁྲོན་གྱི་འབའ་ཐང་རྫོང་། ལི་ཐང་རྫོང་། དར་མདོ་རྫོང་། ཡུན་ནན་བདེ་ཆེན་རྫོང་། སེམས་ཀྱི་ཉི་ཟླ་རྫོང་། འབའ་ལུང་རྫོང་སོགས་སུ་ཁྱབ་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། ཚྭ་ཁ་ལྷོའི་ཚྭ་ལས་ཐོན་སྐྱེད་བྱེད་སྟངས་དེ་མིག་སྔར་འཛམ་གླིང་སྟེང་ཚྭ་སྐམ་གཏོང་བའི་བྱེད་སྟངས་ཁྱད་པར་བ་ཞིག་སྟེ། ཆེས་གདོད་མའི་ཚྭ་སྐམ་གཏོང་ཐབས་ཡིན། ཐོན་སྐྱེད་ཡོ་བྱད་གདོད་མའི་རྣམ་པ་ཡིན་པ་མ་ཟད་བྱ་ཐབས་ཀྱང་ཆེས་གདོད་མའི་རྣམ་པ་ཆགས་ཡོད་པའི་རང་བྱུང་གི་བསིལ་སྐམ་རྣལ་མ་ཡིན།