དབུ་ཤོག >> རྒྱལ་ཕྱི་ནང་གསར་འགྱུར།
ཝང་དབྱང་གིས་འཛམ་གླིང་ནང་བསྟན་བགྲོ་གླེང་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
རྩོམ་པ་པོ། དུས་ཚོད། 2018-10-31 རྩོམ་ཁུངས། མི་དམངས་དྲ་བ།

        ཟླ་10ཚེས་29ཉིན། འཛམ་གླིང་ནང་བསྟན་བགྲོ་གླེང་སྐབས་ལྔ་པ་ཧྥུའུ་ཅན་ཕུའུ་ཐན་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། བགྲོ་གླེང་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དང་ལས་རིགས་སོ་སོའི་གྲོགས་པོ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།

        ཝང་དབྱང་གི་འཕྲིན་ཡིག་ནང་དུ། ནང་བསྟན་ཀྲུང་གོ་ལ་དར་རྗེས། ཀྲུང་གོའི་རུའུ་ལུགས་དང་ཏའོ་ལུགས་རིག་གནས་དང་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་མཉམ་འདྲེས་བྱས་པ་ལས། ཀྲུང་ཧྭ་རིག་གནས་ཀྱི་ཤེས་བྱའི་བང་མཛོད་ཕུན་སུམ་ཚོགས་པོར་བཏང་ཡོད་པ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཤུགས་རྐྱེན་གཏིང་ཟབ་པོ་ཐེབས་ཡོད། མིག་སྔར། འཛམ་གླིང་ནི་འཕེལ་རྒྱས་ཆེན་པོ་དང་བསྒྱུར་བཅོས་ཆེན་པོ། སྙོམས་སྒྲིག་ཆེན་པོའི་སྐབས་སུ་འཁེལ་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་གཞི་ཡིན་མོད། འོན་ཀྱང་། འཛམ་གླིང་གི་བརྟན་ལྷིང་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་ཡང་ཧ་ཅང་མངོན་གསལ་དོད་པོ་ཡིན། ནང་བསྟན་གྱིས་སེམས་ཅན་ཐམས་ཅད་འདྲ་མཉམ་དང་། བྱམས་དང་སྙིང་རྗེ་ལྡན་པ། བཏང་སྙོམས་དང་འདྲ་མཉམ་གྱི་འདུ་ཤེས་སྤེལ་གྱི་ཡོད་པས། འཛམ་གླིང་ཞི་བདེ་ལ་ཡར་སྐུལ་བྱེད་པ་དང་མིའི་རིགས་ཀྱི་བདེ་རྩ་ལ་ལེགས་སྐྱེས་འབུལ་ཅི་ནུས་སྒོས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ངང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་དུ་བསྐྲུན་དགོས་པ་བསྟན་ཡོད།

        རྒྱལ་ཁབ་དང་ས་ཁུལ་55ཡི་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་ཆེད་མཁས་པ། གཞན་སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅན་དང་བཅས་པའི་མི་སྟོང་ལྷག་འགོ་རྩོམ་པའི་མཛད་སྒོ་ལ་ཞུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གུའུ་ཐེ་ལེ་སི་དང་། སི་རི་ལན་ཁའི་ཙུང་ཐུང་ཞི་ལིས་སའེ་ནཱ། འབར་མའི་ཙུང་ཐུང་ཝུའུ་ཝེན་མིང་སོགས་རྒྱལ་ཕྱིའི་སྲིད་ཕྱོགས་མི་སྣ་གཙོ་གྲས་དང་། ལྗར་པན་དང་། ཁོ་རེ་ཡ། ཁ་ན་ཏ། ཨ་རི། ཨུ་རུ་སུ། ཇན་ཕུའུ་ཀྲའེ། ཧྥུ་ལི་ཕིན་སོགས་ཀྱི་ནང་བསྟན་རྩ་འཛུགས་ཀྱི་འགོ་ཁྲིད་བཅས་ཀྱིས་འཕྲིན་ཡིག་དང་ཁ་པར་ཐོག་ནས་རྟེན་འབྲེལ་ཞུས།