ཁམས་པའི་གནའ་རབས་ཀྱི་ཟེར་སྲོལ་འགའ་ཞིག་ཕྱོགས་གཅིག་ཏུ་བརྗོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-28   རྩོམ་ཁུངས།   

གནའ་ནས་རླུང་ལྟར་གྲགས་པ་ཡི།། གནའ་རབས་ཟེར་སྲོལ་དུ་མ་ཞིག།གནའ་མི་རྒན་པོའི་ངག་རྒྱུན་ལྟར།། གནའ་ལུགས་དགའ་བས་བརྗོད་པར་བྱ།།

འོ་མ་འཇོ་གླུ།ཐུས་མ་དང་པོ་བཞོ་དུས། ཨ་ཞེ་བཞོ་བཞོ་བཞོ།ཨ་ཐུས་བཞོ་བཞོ་བཞོ།ཐུས་ལེ་བཞོ་བཞོ་བཞོ། ཨ་ཐུས་ཐུས་ལེ་མ།བཞོ་བཞོ་བཞོ། ཐུས་ལེ་བ་འདྲ་མ། བཞོ་བཞོ་བཞོ། འོ་མ་མཚོ་འདྲ་མ། བཞོ་བཞོ་བཞོ། ཡར་འཕགས་ཡར་ལ་མ་འཕགས་མིན། གསེར་གྱི་རྭ་ཡ་གོག་ལེ་ཡོད། བཞོ་བཞོ་བཞོ། མར་འཕགས་མར་ལ་མ་འཕགས་མིན། དངུལ་གྱི་ནིས་ཆུང་གོག་ལེ་ཡོད། བཞོ་བཞོ་བཞོ། ཕར་འཕགས་ཕར་ལ་མ་འཕགས་མིན། དར་གྱི་སྒྱིད་ཐག་བཅད་ལེ་ཡོད། བཞོ་བཞོ་བཞོ། ཚུར་འཕགས་ཚུར་ལ་མ་འཕགས་མིན། གཡུ་ཡི་ཟོ་བ་བཅག་ལེ་ཡོད། བཞོ་བཞོ་བཞོ། མངག་ན་རི་གང་མ། བཞོ་བཞོ་བཞོ། བཏགས་ན་ཐང་གང་མ། བཞོ་བཞོ་བཞོ། བཞོས་ན་ཟོ་གང་མ། བཞོ་བཞོ་བཞོ། ཕྱུག་པོའི་ཕྱུག་སྣོན་མ། བཞོ་བཞོ་བཞོ། མེད་པོའི་སྲོག་བཟུང་མ། བཞོ་བཞོ་བཞོ། ཞེས་དང་། ཡང་། ཨ་ཐུས་ཐུས་ལེ་མ། ཐུས་མ་བ་འདྲ་མ། ཡར་ལ་ཡར་འཕགས་མིན། གསེར་གྱི་རྭ་ཡ་བུད། མར་ལ་མར་འཕགས་མིན། དངུལ་གྱི་ནིས་ཆུང་གོག། བཞོས་ན་གཅིག་གང་མ། གསེར་ཟོ་གཅིག་གང་མ། དཀྲོག་ན་ཟོ་གང་མ། ཟོ་ལག་གཅིག་གང་མ། ཞེས་དང་། ཡང་། ཁྱོད་ནི་ལྷ་འབྲི་ཟེ་དཀར་ཡིན། ང་ནི་ནོར་གྱི་བདག་མོ་ཡིན། བཞོ་ཟོ་འདི་ནི་གསེར་ཟོ་ཡིན། བཞོ་ལུང་འདི་ནི་དངུལ་ལུང་ཡིན། སྒྱིད་ཐག་འདི་ནི་དར་ཐག་ཡིན། བཞོས་ན་གསེར་ཟོ་གང་བར་ཤོག། བཏགས་ན་ཐང་ཆེན་གང་བར་ཤོག། མངགས་ན་རི་ལུང་གང་བར་ཤོག། ཅེས་སོགས་ཁ་སྨོན་བཟང་པོ་བྱེད། ༈ཁལ་གསར་པར་སྒ་རྒྱག་དུས། ཁ་དར་བེད་ཆོད། ཁྱོད་ལ་བཀལ་ན་རི་འདྲ་བ་ཞིག་འོང་བར་ཤོག། བཏགས་ན་བ་འདྲ་བ་ཞིག་འོང་བར་ཤོག། རྨོས་ན་ཆུ་བྱ་འདྲ་བ་ཞིག་འོང་བར་ཤོག། སོགས་ཟེར། ༈ལ་ཁར་ལ་རྩེ་གསོལ་དུས། བསྭོ། བསྭོ། གཡས་ཀྱི་སྟག་ལ་ཁྲ་མོ་བསྭོ། གཡོན་གྱི་གཟིག་ལ་ཁྲ་མོ་བསྭོ། བར་གྱི་ལ་རྩེ་ཁྲ་མོ་བསྭོ། བརྒྱ་ཕར་འགྲོ་ནང་གི་སྔོན་མ་ཡིན། སྟོང་ཚུར་འོང་ནང་གི་རྗེས་མ་ཡིན། ལ་ཁར་སླེབས་དུས་དགྲ་དང་བྱེ། དགྲ་ཁ་པར་རུ་བཞིན་དུ་རྒྱོབ། ལུང་ནང་སླེབས་དུས་གྲོགས་དང་འཕྲད། གྲོགས་ཁ་སྟག་མོ་བཞིན་དུ་ཕྱེས། མི་ཕོ་འདྲ་གཉིས་བཤིབས་ན། རྨོག་དཀར་གང་གིས་མཐོ། སྟག་ཕོ་འདྲ་གཉིས་བཤིབས་ན། སྲབ་མདའ་གང་གིས་མགྱོགས། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་སོགས་ཟེར་ནས་འབོད་པ་བྱེད། ༈དཔྱིད་ཀར་ཁུ་བྱུག་དང་པོར་གྲགས་པ་གོ་དུས། ཨ་བྱ་ཡག། ལྷ་བྱ་ཡག། ཁྱོད་ལྷ་བྱ་ཡིན་ནས་ལྷ་སྐད་རྒྱག། ང་ལྷ་མི་ཡིན་ནས་ལྷ་སྐད་གོ། ཡང་གྲགས་གྱིས་དང་ཡང་ཉོན་བྱེད།

    སང་ཕ་ལམ་ད་ཡི་སྔ་ཚད་གོ་བར་ཤོག། མི་ཟོག་ར་བ་གསུམ་པོ་ལམ་ཞབས་ཡོད་པ་ལམ་ལྟག་རྒྱོབ། ཅེས་དང་། ཡང་། གོ་གོ། ཚོ་ཚོ། བྱ་ཁྱོད་ནི་ཨ་གྲགས་ཡང་གྲགས་བྱེད། མི་ངས་ནི་ཨ་ཉན་ཡང་ཉན་བྱེད། བྱ་ཁྱོད་ནི་ཁ་དྲོ། མི་ང་ནི་ཚེ་རིང་། ཞེས་ཟེར་ནས་འབོད་པ་དང་། ཡུལ་འགའ་ལ་བྱ་སྟོན་ཟེར་ནས་སྟོན་མོ་ཡང་བྱེད་སྲོལ་ཡོད། ༈དཔྱིད་ཀར་སྔོ་ལྡུམ་གསར་པ་དང་པོར་བཟའ་རྒྱུ་རྙེད་དུས། ཟས་གསར་པ་ཁ་ལ་རྩེབས། ནད་མུ་གེ་ལ་རྒྱབ་སོང་། བཟའ་མིའི་མི་དེ་ཚེ་རིང་། བཟའ་རྒྱུའི་ཟས་དེ་ཡུན་རིང་། སང་ཕ་ལམ་ད་ལས་སྔ་དུས་བཟའ་རྒྱུ་རྙེད་པར་ཤོག་ཟེར་ནས་སྨོན་ལམ་བཏབ། ༈དཔྱིད་ཀར་འབྲུག་དང་པོར་གྲགས་པ་གོ་དུས། དེ་འཕྲལ་འབྲུག་གྲགས་ཁང་པ་རྡོ་ལས་སྲ་ཟེར་ནས་ཁང་སྟེང་དུ་རྡོ་ཞིག་འཕེན། ༈ལོ་གསར་དང་བསང་གཉེན་སྟོན་སོགས་ཀྱི་མཛད་སྒོའི་སྐབས་སུ་སྣོད་གས་ཆག་མེད་པའི་ནང་དུ་ཕྱེ་མར་ཕུང་པོར་བྱས་ནས་བཤམས་ཤིང་། ཕྱེ་མར་གྱི་ཐོག་ཏུ་དགའ་འཁྱིལ་གྱི་རི་མོ་དང་། ཤིང་བྱང་ལ་ཉི་ཟླ་ནོར་བུའི་དཀར་རྒྱན་བྱས་པ་འཛུགས། ཕྱེ་མར་རྒན་རིམ་བཞིན་དྲངས་པ་ལ་ལེན་པ་པོ་རྣམས་ཀྱིས་མཐེབ་སྲིན་སྦྱར་བའི་བར་དུ་ཕྱེ་མར་ཅུང་རེ་བླངས་ནས། སྐྱིད་ཕྱེ་མར་གཉིས་ཀྱིས་ཁ་དཀར། ཚེ་བསོད་ནམས་གཉིས་ཀྱི་དཔལ་བསྐྱེད། སྐྱིད་དགའ་གཉིས་ཀྱི་ཡུན་རིང་། རྒན་པ་རྣམས་ཀྱི་ཚེ་བསྲིང་། གཞོན་པ་རྣམས་ཀྱི་དཔལ་བསྐྱེད། དགའ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྩོལ། ཨ་ལ་ལ་ཧོ་ལྷ་རྒྱལ་ལོ།། ཞེས་བརྗོད་དེ་ཞལ་དུ་ཅུང་ཞིག་གསོལ། མདའ་མར་ནས་འོང་ཟི་ཡིན། ཕུ་ཡེ་ནས་འགྲོ་ལེ་ཡིན། ཨ་ཧ་ཧ་ཟེར་ནས་དེ་འཕྲོ་སྣ་མགོ་ནས་ཡར་བྱུགས་ཏེ་མགོ་དཀྱིལ་ལ་འདེབས་པར་སྣང་། ༈མིད་པ་ནས་སྐྱིད་བུ་བྱུང་དུས། ངའི་ཁབ་ཅི་བྱས་ཟེར་ནས་དྲི་བར། འགྲམ་ན་ཡོད་པ་ཞིག་གིས་ཁབ་ཆག་ཐལ་ཞེས་ལན་འདེབས། ཡང་ཆག་དུམ་ཅི་བྱས་ཟེར་བར། སྐྱིད་བུ་མའི་སྙིང་ལ་འཛེར་ཡོད་ཅེས་ལན་བཏབ་ན་སྐྱིད་བུ་མི་བྱེད་པ་ལ་ཕན་སྐད་བཤད། ༈ཆུང་དུས་ཁའི་སོ་བརྗེས་དུས་སོ་དེ་བལ་དཀར་པོའི་ནང་གཏུམས་ནས་གནམ་ཁར་གཏད་དེ། གནམ་གྱི་ཨ་ཕྱི་གུང་སྨན་མ། ཁྱི་སོ་ར་སོ་ཡར་སྦྱིན། དུང་སོ་དཀར་ཆུང་མར་གནོངས། ཞེས་ཟེར་ནས་ནམ་མཁར་འཕེན་པ་དང་། སོ་བརྗེས་ནས་སོ་གསར་མ་སྐྱེས་གོང་སྦྲུམ་མས་མཐོང་ན་སོ་བསྐུངས་ནས་སྦྲུམ་མ་ལས་ཁྱེའུ་མ་བཙས་བར་སོ་སྐྱེ་རྒྱུ་འགོར་འགྲོ་བས། ཆུང་དུས་སོ་བརྗེས་ནས་སོ་གསར་མ་སྐྱེས་གོང་སོ་གསར་སྐྱེ་སའི་རྙིལ་དེ་སྦྲུམ་མས་མཐོང་དོགས་ཀྱིས་ཤིན་ཏུ་འཛེམས་སྲོལ་ཆགས། ༈མི་རྣམས་ཀྱིས་ཁྱི་དང་འཕྱི་བ་རྩེ་སྐབས་ཁྱི་ཕྱི་སུ་ཡིན་བགོ་ཆ་བྱེད་དུས་མཛུབ་མོ་རྣམས་ཐོད་གཏུགས་ནས་སྒོར་མོར་བསྒྲིགས། དེ་ནས་འོག་གི་བགོ་ཐབས་ཀྱི་ཚིག་རེ་དང་མཛུབ་མོ་རེ་སྦྱར་ནས་གཡས་གཡོན་གང་རུང་དུ་བསྐོར་ཏེ་བརྩིས་པའི་ཚིག་གི་ཐ་མ་གང་ལ་རྫོགས་པ་དེ་འཕྱི་བ་ཡིན་ཞེས་ཟུར་དུ་བཏོན། ཡང་སྔར་ལྟར་བསྐོར་བས་ཐ་མར་གང་ལྷག་པ་དེ་ཁྱི་ཡིན་པར་ངོས་འཛིན་བྱེད། བགོ་བྱེད་ལ་བོད་སྐད་རྙིང་པའི་ཚིག་རིགས་མི་འདྲ་བ་འགའ་ཡོད་པ་ལས། སྒམ། སྒམ་ཚིལ། བུག་ཐལ། ལ་ཐོག། ཤ་ཞེས་པ་ལྟ་བུ་ཚིག་ལྔ་ཡོད་པ་དང་། ཨ་གཏོ་གཏོ། མི་གཏོ་གཏོ། གཏོ་མ་འགོ། རྒྱལ་བའི་བཀའ། དར་དཀར་ཕྱོར། དར་ནག་ཕོབ། ས་མ་ཡ། སུག་ཅེས་པ་ལྟ་བུ་ཚིག་བརྒྱད་ཡོད་པ་དང་། ཨ་ཐེ། ཁོ་ཐེ། ཁོ་མིན། ཡང་ཐེ། ཕ་རབ། ཕན་ཚུན། འུག་པ། གསེར་མགོ། ལྕགས་ཀྱི། གྭའུ། དེ། མ་བུད། དེ་བུད་ཅེས་པ་ལྟ་བུ་ཚིག་བཅུ་གསུམ་ཡོད་པ་དང་། ཡང་དེ་ཉིད་ཡུལ་འགའ་ལ་ཚིག་ཁྱད་ཅུང་མི་འདྲ་བ་བྱུང་བར། ཨ་ཐེ། ཁོ་ཐེ། གོ་མིན། ཡང་ཐེ། འབར་ཅ། འབིས་ཀོ། ཤའུ། ཆེ་འཕེལ། ཡིད་འོང་། ལྷ། བབ། བེའུ། བུག། ཅེས་ཟེར། དེས་ན་མཛུབ་མོ་རེ་དང་ཚིག་རེ་སྦྱར་ཏེ་བགོས་པའི་མཐར་ཤའམ། སུག་གམ། བུད་དམ། བུག་ཅེས་པའི་མིང་དེ་སུའི་མཛུབ་མོའི་ཐོག་ཏུ་བབ་ན་དེ་ཟུར་ཏུ་བཅད་ནས་འཕྱི་བ་ཡིན་པ་ངོས་འཛིན་བྱེད། ༈སུམ་འཛུམ་བཞི་དགོད། ལྔ་ཉལ་དྲུག་འདུག། བརྒྱད་ཙིག་དགུ་གོག། ཅེས་ཟེར། དེ་ནི་སྔར་དུས་ཀྱི་བྱིས་པ་རྣམས་སྐྱེ་ཤེད་ཆུང་བས། སྐྱེས་ནས་ཟླ་བ་གསུམ་པ་ལ་འཛུམ་མུལ་བྱེད་ཤེས། བཞི་པ་ལ་གད་མོ་དགོད་ཤེས། ལྔ་པ་ལ་སྐྱེད་འདོན་བྱེད་ཤེས། དྲུག་པ་ལ་ཙོག་གེར་འདུག་ཐུབ། བརྒྱད་པ་ལ་སོ་དག་འབུས། དགུ་པ་ལ་ལངས་མི་ཐུབ་པར་གོག་པོ་བྱས་ནས་འགྲོ་ཞེས་པའི་དོན། ༈བྱིས་པ་ལ། རྡོ་གྱང་ལ་རྒྱོབ། གྱང་རྡོ་ལ་རྒྱོབ་ཅེས་མགྱོགས་པར་བགྲང་བཅུག་པས་ཁ་ལྕེ་བདེ་མིན་ཤེས་ཡོང་ཞིང་། བྱིས་པ་ཁ་ལྕེ་དིག་པ་ལ་མྱུར་མོར་བགྲང་བཅུག་པས་སྨྲ་ལྕེ་བདེ་པོར་འགྱུར་ཡོང་བ་ཡིན། དེ་བཞིན་དུ། ལྷ་རེ་རེའི་མདུན་ལ་རིལ་ལུ་རེ། ཞེས་དང་། ལྟི་རི་འདི་ནི་ལི་རང་བླུགས་ཀྱི་ལྟི་རི་རེད། ཅེས་དང་། ཁྱི་སྐེ་ཁྲ་མ་ལ་གྲི་རྩེ་ཆག་ཚུགས། ཞེས་དང་། རྩི་སྐྱང་ལྕག་ཚན་རྟ་ལ་བྲོབས། ཞེས་དང་། ལྷ་སའི་སྐོར་ལམ་སྟོད་ན། ཁྱི་ཁྲ་ཁྲར་གྲི་རྩེ་ཆག་ཚུགས། ཞེས་དང་། ཇ་དར་རྩེ་མདོའི། མཛོ་བྲེ་འཛི། ཞེས་དང་། ར་རོག་རོག་གི་རུ་ཅོ་རིལ་རིལ་རེད། ཅེས་དང་། ཕ་རིའི་ར་ཨ་ཡུ་ཡ་རབ་དུས། ཚུར་རིའི་ལུག་ཨ་ཡུ་ཡ་ལོས་རབ་དང་ལོས་རབ་རེད། ཅེས་སོགས་དང་། ཡང་འབྲོག་ཁུལ་དུ། ཨ་ཁུ་ཚང་གི་མནའ་མའི་གཉའ་གི་གཉེར་མའི་ནང་ན་ཤིག་གཅིག་ཡོད། ཅེས་དང་། ར་རྭ་རིལ་རིལ། ལུག་རྭ་ལེབ་ལེབ། ར་མའི་རྭ། ཡ་རབས་གི། ཡ་རུའི་རྭ། ལེབ་རུ་ལེབ་རུ་ཞེས་ཟེར། ར་ཡི་རྭ་རིལ་རིལ་དང་། ལུག་གི་རྭ་ལེབ་ལེབ་ཡིན་པ་དང་། ར་ཡི་རྭ་ཡ་རབས་ཡིན་ན་ཡ་རུའི་རྭ་ཡ་རབས་ཡིན་པ་བཤད་མི་དགོས་ཞེས་པའི་དོན།

 


    བྱིས་པ་ཆུང་ཆུང་ལག་པའི་མཛུབ་གུ་ལྔ་པོ་སོ་སོར་ངོས་མི་ཟིན་པ་ལ་ངོས་སྤྲད་དུས། མཐེབ་བོང་ངམ་མཐེབ་ཆེན་བསྟན་ཏེ། འདི་གཡང་རྒན་ལྷ་རྒན་ཟེར་བྱེད་དང་། ཅི་དྲག་གང་དྲག་ཟེར་བྱེད་རེད་ཟེར། མཛུབ་མོ་བསྟན་ནས། འདི་རྫ་ལྡག་ཕོར་ལྡག་བྱེད་རྫས་རེད་ཟེར། གུང་མོའམ་དཀྱིལ་མཛུབ་མ་བསྟན་ཏེ། འདི་གསེར་འགུ་དངུལ་འགུ་གོན་ས་རེད་ཟེར། སྲིན་ལག་གམ་སྲིན་མཛུབ་བསྟན་ཏེ། འདི་ལྷ་ལ་མཆོད་པ་འབུལ་བྱེད་རེད་ཟེར། མཐེབ་ཆུང་བསྟན་ཏེ། འདི་མི་སྐྲག་མི་འཇིགས་ཟེར་བྱེད་དང་། ཁྱི་རྒན་ལི་རྒན་ཟེར་བྱེད་རེད་ཅེས་བཤད་ནས་ངོ་སྤྲད། དོན་གང་ཞིག་འགྲིག་འདུག་ཅེས་པའི་བརྡ་བྱེད་དགོས་ན་མཐེབ་བོང་ཀེར་ནས་བསྔགས་བརྗོད་ཀྱི་རྣམ་འགྱུར་མཚོན་པར་བྱེད་ལ།ཡང་འུ་ཐུག་ནས་ཞུ་འབོད་བྱེད་དགོས་དུས་མཐེབ་བོང་གཉིས་ཀ་ཀེ་རེར་བསྒྲེངས་ནས་ཞུ་བ་འཐེན་པའི་རྣམ་འགྱུར་མཚོན་པར་བྱེད། རྫ་ལྡག་ཕོར་ལྡག་བྱེད་ནི་ལྕེ་ཡིས་མཆུ་མཛུབ་ལྡག། མཛུབ་མོས་རྫ་ཕོར་ལྡག་ཅེས་པའི་དཔེ་ལྟར་དང་། སྤྱིར་སྐྱོ་ཐང་རིལ་ལུ་ལྟ་བུ་ལ་རྒྱ་གར་བའི་ཁ་གཟར་དང་རྒྱ་ནག་པའི་ཐུར་མ་གཉིས་ཀའི་གོ་དེ་མཛུབ་མོས་བཅད་དེ་བཟའ། སྐྱོ་ཐང་ཟན་སྤག་ལྟ་བུ་ཟན་གྱིས་གཅུ་ནས་བཟའ་རྒྱུ་ཡོད་པ་ལ་ཟན་གྱིས་སྐྱོགས་སྤག་བྱས་ནས་བཟའ། དེའང་སྐྱོགས་སྤག་ནི་ཟན་གྱི་སྐྱོགས་ཞེས་པའི་དོན། སྐྱོགས་སྤག་ལ་སྐྱོགས་ལུང་གོག་ཉེན་ཡོད་པས་འཐུག་དགོས། སྐྱོགས་ཁ་གཅུ་བྱེད་ཡིན་པས་སྲབ་དགོས། སྐྱོགས་གོབ་གཅུ་ས་ཡིན་པས་ཆེ་དགོས་ཞེས་ཟེར། སྔར་དུས་མི་རེས་འགུ་ཡ་དང་སོར་གདུབ་མང་པོ་གོན་སྲོལ་མེད་ཅིང་། དེ་ཡང་དཀྱིལ་མཛུབ་ལ་སོར་ཚིགས་རྣམས་འགུལ་རུང་བ་རེ་གོན་པས་ཆོག་པར་བྱེད། ཁ་ཟས་གང་བཟའི་ཕུད་དཀོན་མཆོག་ལ་མཆོད་ཅིང་། ཆང་མཆོད་སོགས་འགའ་ནི་མཆོད་འབུལ་གྱི་ཚིག་དང་སྦྲགས་ཏེ་མཐེབ་སྲིན་སྦྱར་བས་སྟེང་དུ་མཆོད་པར་བྱེད། དེ་ནི་སྔགས་གཞུང་ལས་མཐེབ་ཆེན་ནས་བརྩིས་པའི་སོར་མོ་ལྔ་པོ་འདོད་ཡོན་ལྔའི་ངོ་བོ་དང་། སྲིན་ལག་རོ་ཡི་ངོ་བོར་གྱུར་པས་བླངས་པའི་རྫས་དེ་མཐེབ་བོང་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པས་མཆོད་ཅེས་པའི་དོན། དོན་གང་ཞིག་མ་འགྲིག་པ་དང་སྡུག་པ་ཞིག་ཡིན་ཕྱིན་མཐེབ་ཆུང་ཀེར་ནས་ཡག་པོ་མིན་པའི་རྣམ་འགྱུར་མཚོན་པར་བྱེད། ༈ལག་པ་ལ། ལག་ངར་ཤང་ཤང་། ལག་མཐིལ་རྐོ་རྐོ་ཞེས་དང་། མཐེབ་ཆེན་ནས་རྩིས་པའི་སོར་མོ་ལྔ་ལ་རིམ་བཞིན། མཐེབ་ཆེན་ནས་ཆེན་གྲེ་བོ་བརྒྱ། མཛུབ་གུ་དཔལ་ལྡན་སེངྒེ་བརྒྱ། དཀྱིལ་མ་རྒྱ་སྟག་ཁྲ་བོ་བརྒྱ། རྒྱ་ཟི་ལིང་ཚང་གི་སྙུག་གུ་བརྒྱ། བུ་རའི་རྫིའུ་རིས་རིས་བརྒྱའམ། ཨ་ཟི་ལས་ཀྱི་བུ་ཆུང་བརྒྱ། ཞེས་དང་། མཛུབ་གུ་ལྔ་ལ། མཐེབ་ཨ་དཔོན། མཛུབ་མོ་དུང་དཔོན། དུང་ཚེ་ཨ་མགོན། མ་ལུས་སངས་རྒྱས། བུ་རིའི་རྫི་རིས་ཞེས་ཟེར། མཐེབ་ཨ་དཔལ། མཛུབ་མོ་དུང་དཔལ། དུང་ཚེ་ཨ་མགོ། མ་ལུས་སངས་རྒྱས། མ་ལུས་སྒྲོན་དགའ།ཞེས་ཀྱང་ཟེར། ༈ཆུང་དུས་བྱིས་པ་རྣམས་ཀྱིས། ཆུ་ནང་མར་ན་རྟ་གཅིག་འདུག། རྟ་ནི་ལྷ་རྟ་རྐྱང་སྐྱིད་རེད།། རྟ་ཐོག་མར་ན་སྟན་གཅིག་འདུག། སྟན་ནི་བལ་སྟན་གྲུ་བཞི་རེད།། སྟན་ཐོག་མར་ན་སྒ་གཅིག་འདུག། སྒ་ནི་གསེར་སྒ་ཁྲ་མོ་རེད།། སྒ་ཐོག་མར་ན་མི་གཅིག་འདུག། མི་ནི་བྱང་ཆུབ་སེམས་དཔའ་རེད།། མི་ཐོག་མར་ན་ཞྭ་གཅིག་འདུག། ཞྭ་ནི་ཨོ་རྒྱན་པད་ཞུ་རེད།། ཞྭ་ཐོག་མར་ན་ཏོག་གཅིག་འདུག། ཏོག་ནི་ཀྱུ་རུ་མུ་རུ་རེད།། ཏོག་ཐོག་མར་ན་རིལ་མ་འདུག། རིལ་མ་གླ་རིལ་རྒྱ་མོ་རེད།། གླ་རིལ་རྒྱ་མོ་ཆུ་ཡིས་ཁུར།། ཞེས་དང་། ཁ་པེ་སྣ་པེ་ར་པེ་གསུམ། ར་ལ་གཏེ་ཁེ་འབྱར། གཏེ་ཁེ་གྲིས་བཅད། གྲི་ཁ་ཐེ་གོག། ཁ་ཐེ་མགར་བས་མགར། མགར་བ་མཐེབ་ཚིགས་ལོག། རྒྱུག་མི་མ་རྙེད་མནའ་མ་རྒྱུག། མནའ་མའི་རྐུབ་ལ་གྲ་མ་ཟུག། སྔགས་མི་མ་རྙེད་ཨ་མྱེས་སྔགས། སྔགས་ཙམ་ཉིད་ནས་བུ་ཞིག་རེད། བུ་དེ་ལ་མཇེ་ཆེ་རླིག་སྦོམ་བཏགས། ཁྱི་དེ་ལ་རྡ་ལི་རྔ་དཀར་བཏགས། འབྲི་དེ་ལ་རྡ་ལི་ཟེ་དཀར་བཏགས། སྦྲ་དེ་ལ་འབལ་ལ་འབལ་སུག་བཏགས། ཞེས་ཟེར་རོ།། བརྗོད་དོན་གསེར་གྱི་སྲད་བུ་ལ།། རྗོད་བྱེད་ནོར་བུས་མཛེས་པ་འདི།། གཞོན་སྐྱེས་བུ་མོའི་མགུལ་རྒྱན་དུ།། དགེ་ལེགས་ཕུན་སུམ་ཚོགས་པས་སྤེལ།།