དབུ་ཤོག >> བདེ་ཐང་མཛུབ་སྟོན།
༄༅།། ཆམ་རིམས་འགོག་པའི་ཐབས་བཟང་བརྒྱད།
རྩོམ་པ་པོ། དུས་ཚོད། 2018-10-26 རྩོམ་ཁུངས།
  1. ཞོ་མང་ཙམ་བཏུང་བ།

  རྒྱུ་མ་ནི་མིའི་ལུས་ཕུང་གི་འཇུ་བྱེད་དང་སྡུད་ལེན་གྱི་དབང་པོ་གལ་ཆེན་ཞིག་ཡིན་ལ། ཆེས་ཆེ་བའི་རིམས་འགོག་དབང་པོ་ཡང་ཡིན། སྟོབས་དང་ལྡན་པའི་རིམས་འགོག་ནི་གཙོ་བོ་བདེ་ཐང་དང་གསོན་ཤུགས་ཆེ་བའི་རྒྱུ་མ་ལ་བརྟེན་ཡོད། དེར་བརྟེན། ཆམ་རིམས་འབྱུང་ཚད་མཐོ་བའི་སྐབས་སུ། ལྷག་ཏུ་ཕན་ལྡན་ཕྲ་ཕུང་ཁ་གསབ་བྱ་འོས་ལ། དེ་ནི་ཞོ་དང་ཕྱུར་བ་སོགས་ཟས་རིགས་མང་ཙམ་བཏུང་བ་བརྒྱུད་དེ་སྡུད་ལེན་བྱ་ཆོག དེ་ལྟར་བྱས་ན་རྒྱུ་མའི་ཕྲ་ཕུང་གི་ཚོགས་སྙོམ་སྒྲིག་བྱེད་པར་དགེ་མཚན་ལྡན་པ་དང་། དེ་ཡིས་གཉན་ཚད་གཅོག་པ་དང་ཆམ་རིམས་འགོ་བ་སྔོན་འགོག་བྱེད་པ་རེད།།

2.སྣ་ཁུང་གཙང་འཁྲུད་བྱེད་པ།

  མི་སྒེར་གྱི་གཙང་སྦྲ་ནི་ཆམ་པ་སྔོན་འགོག་བྱེད་པའི་འགག་སྒོ་ཡིན། དེ་ཡང་སྣ་ཁུང་ནི་མིའི་ལུས་ཕུང་གི་དབུགས་ལམ་སྡེ་ཁོངས་ཀྱི་ཚག་ཆས་དང་པོ་ཡིན་པས། ཉིན་རེ་བཞིན་ཚྭ་ཆུས་སྣ་ཁུང་གཙང་འཁྲུད་བྱས་ན། སྣ་ཁུང་དང་ཁ་ནས་མི་གཙང་བའི་དངོས་པོ་མིའི་ལུས་ཕུང་ནང་འཛུལ་ནས་ཆམ་པ་འབྱུང་དུ་འཇུག་པ་གཡོལ་ཐུབ་པ་རེད།།

3.གློག་སྐས་ནང་ཉུང་འདུག་བྱེད་པ།

  གློག་སྐས་ཀྱི་འཐེབ་ནོན་ནི་སྨན་ཁང་དང་། གཞུང་ལས་ཁང་སོགས་སུ་ནད་འབུ་སྣ་ཚོགས་འདུས་པའི་ལྟེ་བ་ཡིན་ལ། ནད་རིགས་སྣ་ཚོགས་ཁྱབ་མཆེད་ཆེས་སླ་བའི་གནས་ཡིན། དེ་བས་གློག་སྐས་ལ་འདུག་པ་དེ་ཐེམ་སྐས་ལ་འཛེག་པར་བསྒྱུར་ན་བཟང་ཞིང་། དེ་ལྟར་ན་ལུས་པོར་སྦྱོང་རྡར་ཡང་བྱེད་ཐུབ་པ་རེད། གལ་སྲིད་དུས་ཚོད་མི་འདང་བའི་དབང་གིས་གློག་སྐས་ལ་བསྡད་རྗེས་ལག་པ་གཙང་མར་འཁྲུད་དགོས།།

4.སེན་མོ་རིང་བོ་མི་འཇོག་པ།

  སེན་མོའི་རིང་ཚད་དེ་མཛུབ་རྩེ་ལས་ཧའོ་མུས3ལས་བརྒལ་ན། སེན་བར་གྱི་ཕྲ་ཕུང་གི་མང་ཚད་སེན་མོ་ཐུང་བ་ལས་ཕལ་ཆེར་ལྡབ5ཡིས་འཕར་ཤས་ཆེ་ལ། དེའི་ནང་དུ་འགོས་ནད་ཀྱི་རིམས་ཁུངས་འདུས་ཡོད་དེ། དཔེར་ན། ཆམ་རིམས་ནད་དུག་ལྟ་བུའོ། །དེར་བརྟེན། སེན་མོ་བྲེགས་ནས་མཛུབ་རྩེ་དང་མཉམ་པ་བཟོ་བ་དང་། ལག་པ་བཀྲུ་དུས་སེན་བར་གཙང་འཁྲུད་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བ་རེད།།

5.བཟའ་བཏུང་དུ་ཏི་ཚ་གསབ་པ།

  ཏི་ཚ་གསབ་ན་རིམས་འགོག་ནུས་པ་མཐོ་རུ་སོང་ནས། ཆམ་པ་འགོག་པ་དང་ནད་ཚབས་ཡང་དུ་གཏོང་བ། ན་ཡུན་ཐུང་དུ་གཏོང་བ་བཅས་ལ་རོགས་རམ་བྱེད། ཏི་ཚ་ཕུན་སུམ་ཚོགས་པའི་ཟས་རིགས་ལ་འགྲོན་བུའི་རིགས་དང་ཆུ་འབུ་གློ་ཉ། ཤ་དམར་པོའི་རིགས། ནང་ཁྲོལ། ཤུན་པ་སྲ་བའི་ཤིང་ཏོག་སོགས་འདུ་བ་རེད། དེ་དག་ལས་ཉ་སོག་ནི་ཀུན་གྱིས་ཁས་ལེན་པའི་ཏི་ཚ་འབེལ་ཤོས་ཡིན་ནོ། །

6. མགྱོགས་འགྲོ་རྒྱུན་འཁྱོངས་བྱེད་པ།

  གཟའ་འཁོར་རེར་ཐེངས་5དང་། ཐེངས་རེར་སྐར་མ་30ཡིན་པའི་མགྱོགས་འགྲོའི་གོམ་བགྲོད་བྱས་ན་ནུས་ལྡན་སྒོས་ཆམ་པ་སྔོན་འགོག་བྱེད་ཐུབ་པ་རེད། འོན་ཀྱང་སྦྱོང་རྡར་གྱི་ཤུགས་ཚད་མི་དྲགས་པར་མཉམ་འཇོག་བྱ་དགོས། ཞིབ་འཇུག་བྱས་ནས་ཤེས་གསལ་ལྟར་ན། རྒྱང་རྒྱུག་འགྲན་སྡུར་སོགས་ཡུན་རིང་ཤུགས་ཆེའི་བཟོད་ཤུགས་སྦྱོང་རྡར་བྱས་ན་ལྡོག་སྟེ་དབུགས་ལམ་ལ་རིམས་ནད་འགོ་ཚད་ལྡབ་2ནས་6བར་འཕར་བར་བྱེད།།

7.གཉིད་སྐྱིད་པོ་ཉལ་བ།

  དགོང་རེའི་གཉིད་ཡུན་དུས་ཚོད་7ལས་ཉུང་བའི་མི་ལ་ཆམ་པ་ཕོག་ཚད་ཕལ་ཆེར་ལྡབ་3གྱིས་མཐོ་བ་རེད། གཉིད་ཉལ་བ་བཟང་བའི་མི་ལ་ཆམ་པ་ཕོག་ཚད་ནི་གཉིད་ཉལ་བ་མི་བཟང་བའི་མི་ཡི་1/5ཡིན། གཞན་ཡང། ནམ་གུང་དུས་ཚོད་3པ་ནས་ཞོགས་པའི་དུས་ཚོད་7པའི་བར་གཉིད་ཉལ་བ་མི་བཟང་བའི་མིའི་རིམས་འགོག་ཕྲ་ཕུང་གི་གསོན་ཤུགས་23%མར་འགྲིབ་ཀྱིན་ཡོད་པས། ཉིན་རེར་དུས་ཚོད་7ནས་8བར་དུ་གཉིད་ཡག་པོ་ཉལ་ཐུབ་པ་ཁག་ཐེག་བྱ་དགོས།།

8.གད་སྙིགས་ཟས་རིགས་མི་བཟའ་བ།

  མགྱོགས་ཟས་དང་སྣུམ་མང་མངར་ཆེའི་ཟས་རིགས་ཀྱིས་མི་ལུས་ཀྱི་རིམས་འགོག་ནུས་པ་ཉམས་པར་བྱེད། དེ་ལས་ལྡོག་སྟེ་དབྱང་འགོག་འགྱུར་རྩིས་ཕྱུག་པ་དང་། ལུས་སྟོབས་བསྐྱེད་ལ་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཟས་རིགས་ཏེ། དཔེར་ན། སྔོ་ཚོད་དང་ཤིང་ཏོག་ལྟ་བུས། མི་རྣམས་ཆམ་རིམས་དང་ནད་དུག་སོགས་ཀྱི་རྒོལ་བ་ལས་སྲུང་བར་བྱེད་དོ། །