འཇོལ་རྫོང་ཀོང་རྩེད་ར་ཡུལ་གྱི་ཤིང་ཕུར་བཟོ་བའི་རྣམ་བཤད།

རྩོམ་པ་པོ།   ཚེ་རིང་སྒྲོལ་མས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2018-10-25   རྩོམ་ཁུངས།   

        གནའ་བོའི་གཏམ་དཔེ་རུ་ཕུར་ཁ་བྲང་ཁར་སྦྱར་ཞེས་པ་ལྟར། དེ་ཡང་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་གང་དུ་འགྲོ་ནའང་རྒྱང་རིང་གི་མགྲོན་པོ་དག་ལ་དགོད་པའི་འཛུམ་གྱིས་བསུ་བ་དང་། དྲི་ཞིམ་མངར་ཇ་དང་དཀྲུགས་ཇ། འོ་ཇ། ནས་ཆང་སོགས་ཀྱི་བཏུང་བ་དང་། ཤ་མར་ཐུད་གསུམ་དང་རྩམ་པ་ཐུག་པ་སོགས་ཟས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་ཀྱང་། ཕྱོགས་སོ་སོའི་བདག་པོས་དང་ཐོག་ མགྲོན་པོར་ཟས་སྣོད་ཕུར་པ་མི་སྤྲོད་ཅིང་མགྲོན་པ་རང་གིས་རུམ་ནས་བླངས་པར་སྒུག་སྲོལ་ཡོད། སྔར་ནས་བརྒྱུད་པའི་ལུགས་སྲོལ་འདིས་རང་རེའི་མི་རིགས་ཀྱིས་རང་གི་ཕུར་པར་རྩ་ཆེན་བྱེད་པ་དང་། འཕྲོད་བསྟེན་ལ་མཐོང་ཆེན་བྱས་པ་ཤུལ་ནས་གསལ་པོ་གོ་ཐུབ། རང་རིགས་ཨ་མྱེས་ཡང་མྱེས་སྐབས་ནས་རུམ་དུ་བཅུག་ནས་ཁུར་པའི་ཕུར་པ་དེ་ནི་དཀར་ཡོལ་མིན་ལ་གསེར་དངུལ་ཟགས་ལྕགས་སོགས་ལས་གྲུབ་པའང་མ་ཡིན་ཏེ། ཀུན་གྱིས་ཆེས་ཆ་རྒྱུས་ཡོད་པའི་ཤིང་ཕུར་རམ་ཅ་ནེ་དཀྱུས་མ་དེ་རིགས་ཡིན།

        སྤྱིར་བོད་ཀྱི་ཡུལ་གྲུར་ཤིང་ཕུར་བཟོ་ཡུལ་གང་དང་གང་ཡོད་ཅེས་ཁ་ཆོད་བྱ་མ་ཕོད་ཀྱང་། ཡོངས་གྲགས་སུ་ལྷོ་ཁའི་རྒྱ་ཚ་ཡི་ཤིང་ཕུར་དང་། ཉི་ཁྲིའི་མེ་ཏོག་གི་མོན་གྱི་ཤིང་ཕུར། བདེ་ཆེན་ཀོང་རྩེད་ར་ཡི་ཤིང་ཕུར་གསུམ་ནི་མི་རྣམས་ཀྱི་ངག་རྒྱུན་དུ་གྲགས། རྒྱ་ཚའི་ཤིང་ཕུར་དང་མོན་གྱི་ཤིང་ཕུར་ལ་ཆ་རྒྱུས་མི་ལྡན་པས་འདི་དང་དེ་ཞེས་ཚིག་ཉོག་བཤད་མ་ཕོད་ལ། འདིར་ཀོང་རྩེད་ར་ཡི་ཤིང་ཕུར་སྐོར་ཅུང་ཙམ་ཞུ་བར་བྱ་སྟེ། ཡུལ་གྲུ་གཞན་པ་རུ་ཀོང་རྩེད་ར་ཡི་ཤིང་ཕུར་ཞེས་མིང་དུ་གྲགས་ནའང་དོན་དངོས་སུ་ཤིང་ཕུར་དེ་དག་གི་འབྱུང་ཡུལ་དངོས་ནི་ཀོང་རྩེད་ར་མིན་ཞིང་ཡུལ་དེ་དང་ཐག་ཉེ་བའི་ཀླུང་ནགས་ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡོད་པ་དེ་ཡིན། དོན་དེ་ནི་བདེ་ཆེན་ཁུལ་དུ་འཚོ་གནས་བྱེད་པའི་སྐྱེ་བོ་མང་ཤོས་ཤིག་གིས་ཀྱང་གསལ་པོར་ཤེས་ཀྱི་མེད་ལ། སྨྱུག་ཐོགས་པས་ཉམས་མྱོང་རྒན་པོ་མི་ཉུང་བར་སྐད་ཆ་དྲིས་མཐར་མི་རབས་འགའི་རིང་དུ་ཀོང་རྩེད་རའི་ཤིང་ཕུར་ཞེས་འབོད་པ་དེ་དོན་དངོས་སུ་ཀླུང་ནགས་ཤིང་ཕུར་ཡིན་པ་གསལ་པོ་ཤེས་སོང་།

        ཀླུང་ནགས་ནི་ཇ་རྟ་གནའ་ལམ་གྱི་བབས་ཚིགས་གལ་ཆེན་ཏེ་ཀོང་རྩེད་ར་ཡི་ཤར་ལྷོ་ཕྱོགས་སུ་གནས་ཤིང་གསེར་ལྡན་འབྲི་ཆུའི་ནུབ་ངོགས་སུ་ཆགས། དགུན་ཁ་ཞིག་ལ་ང་རང་གྲོགས་མཆོག་འགའ་དང་ལྷན་དུ་རླངས་འཁོར་ལ་བསྡད་དེ་ཡུལ་དེར་སོང་བ་ཡིན། ཁ་པར་ཐོག་ནས་འབྲེལ་བ་བྱེད་པ་ལྟར་ཀླུང་ནགས་སུ་སྐད་གྲགས་ལྡན་པའི་ཤིང་མཁན་ཧོ་ཡུས་ཧྭ་དང་ཁོ་ཚང་གི་མག་པ་ཉི་མ་གཉིས་གྲོང་འགོ་རུ་ང་རང་སྒུག་ནས་ཡོད་ལ་ངེད་ཅག་རླངས་འཁོར་ནས་བབ་པ་དང་ཁ་བཏགས་ཀྱིས་ཁྱིམ་དུ་བསུ།    ཀླུང་ནགས་ཀྱི་དུད་ཚང་མི་ཉུང་བས་ཤིང་ཕུར་དང་། པ་རུ། ཤིང་སྡེར། ཤིང་ཀོང་། ཟ་རུ་སོགས་ཤིང་ཆས་འདྲ་མིན་བཟོ་བཞིན་ཡོད་ལ། ཧོ་ཡུས་ཧྭ་ཚང་ནི་གྲོང་པ་རུ་སྐད་གྲགས་ཡོད་པའི་ཤིང་མཁན་རྒྱུད་པ་རེད་འདུག་སྟེ། ད་བར་མི་རབས་ལྔའི་མིང་བགྲང་རྒྱུ་ཡོད་ལ་དེའི་སྔོན་ཡང་ངག་སྒྲོས་སུ་བཤད་རབས་འདུག   སྤྱིར་ཧོ་ཡུས་ཧྭ་ནི་བོད་པ་ཡིན་ཞིང་རང་ལོ་ལྔ་བཅུར་སོན་ཞིང་། འབྲི་ཆུའི་གྲོག་རོང་གི་གྲོང་པ་ཆུང་ཆུང་ཞིག་ཏུ་འཚོ་བ་རོལ་བའི་བོད་པ་ཞིག་ལ་མིང་དེ་ལྟར་བཏགས་པ་ནི་དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་ཚུལ་ཞིག་ཡིན་ནའང་། བདེ་ཆེན་ཁུལ་གྱི་བོད་པའམ་དབྱི་རིགས། ལི་སུ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་འདི་ནི་ཧ་ལས་རྒྱུ་ཅང་མེད།

        ཧོ་ཡུས་ཧྭ་ཚང་ནི་ཤིང་ཆས་བཟོ་གྲྭ་ཞིག་རེད་ཟེར་ནའང་མི་ཆོག་རྒྱུ་མེད་ཅིང་། ཁོ་ཚང་གི་ཁང་པའི་ཐོག་རྩེག་དང་པོ་རུ་ཤིང་ཕུར་གཙོས་པའི་ཤིང་ཆས་འདྲ་མིན་བཟོ་བྱེད་ཀྱི་རྒྱུ་ཆ་སྤུངས་ཡོད་ལ། ཁོའི་བུ་མོ་དང་མག་པ། དེ་མིན་གླ་པ་འགས་ཤིང་ཆས་འདྲ་མིན་བཟོ་བཞིན་འདུག

        ངོ་སྤྲོད་བྱེད་པ་ལྟར་ཀླུང་ནགས་ཀྱི་ཤིང་ཆས་འདྲ་མིན་ལས་གཙོ་བོ་ཤིང་ཕུར་ཡིན་པ་དང་། ཤིང་ཕུར་བཟོ་བའི་རྒྱུ་ཆ་ནི་རྫབ་དང་། སྤེན་རྩ། སྒྲོན་སྲིན། ལ་པ། གཡང་སྡོང་སོགས་སུ་དབྱེ་རྒྱུ་ཡོད་ལ། རྒྱུ་ཆ་དེ་དག་ནི་སྟུག་པའི་ནགས་གསེབ་ཏུ་ཤིང་འཛེར་པ་ལས་བྱུང་ཞིང་། སྤྱོད་སྒོ་ཡོད་པའི་འཛེར་པ་མཐོང་དུས་འཛེར་པ་ཧྲིལ་པོ་ཤིང་སྡོང་ནས་གཅོད་དགོས་པ་ལས་སྡོང་པོ་རང་ལ་གནོད་པ་བྱ་རྒྱུ་མེད། དེའང་རྫབ་དང་ལ་པ་ནི་ཤིན་ཏུ་ཐོབ་དཀའ་ཞིང་ལས་སྣོན་བྱས་རྗེས་ཤིང་ཆས་རི་མོ་གསལ་ཞིང་མདོག་ཡག་པས་མི་ཀུན་གྱིས་བརྩི་མཐོང་བྱས་ཏེ་རིན་གོང་མཐོན་པོ་སྤྲོད་ནས་ཁྱིམ་དུ་གཡང་ཟོག་ལྟར་ཉར། བཤད་སྲོལ་ལ་ནགས་གསེབ་ཏུ་རྫབ་དང་ལ་པ་མཐོང་བ་དང་རྒྱབ་གོས་སོགས་ཀྱིས་བཀབ་དགོས་པ་ལས་ཤིང་འཛེར་དེ་བྲོས་འགྲོ་སྲིད་ཟེར་བ་དང་། ཤིང་འཛེར་དེ་དག་སྡུད་ནས་ཁྱིམ་དུ་ཁུར་ཡོང་རྗེས་ཐོག་མར་ཕྱི་དབྱིབས་རགས་ཙམ་བརྐོ་དགོས་པ་དང་། དེ་ནས་ཆུ་ནང་བཙོ་དགོས་ཤིང་བཙོ་ཡུན་ནི་ཉམས་མྱོང་ཡོད་མཁན་ཚོས་ཤིང་འཛེར་ལ་བརྟེན་ནས་རྒྱུས་ལོན་བྱ་དགོས་པ་ལས་དུས་ཚོད་གཏན་འཁེལ་དེ་འདྲ་མེད། བཙོས་ཟིན་པའི་ཤིང་འཛེར་དེ་དག་སྐམ་ནས་ཉི་མ་འགའ་སོང་རྗེས་བཟོ་དགོས་པའི་ཤིང་ཆས་ལྟར་དབྱིབས་འདྲ་མིན་དུ་བཟོས་རྗེས་གཞི་ནས་ཤིང་ཕུར་དང་པ་རུ། ཤིང་སྡེར། ཤིང་ཀོང་། མར་པ། ཟ་རུ་སོགས་ཤིང་ཆས་འདྲ་མིན་དུ་བརྐོ་དགོས། ཤིང་ཆས་བཟོ་བའི་ལག་ཤེས་གཙོ་སྙིང་དེ་སྐབས་དེ་དུས་ཡིན་ལ་ཤིང་མཁན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་བཟོ་དགོས་པ་མ་གཏོགས་ཤིང་ཆས་ཀྱི་ཕྱི་དབྱིབས་ལེགས་པོ་ཐོན་པ་ལྟ་ཅི་རྒྱུ་ཆའང་འཕྲོ་བརླག་གཏོང་སྲིད། ཤིང་མཁན་ཚོས་ཤིང་ཆས་རེ་རེ་བཞིན་བརྐོས་ཚར་དུས་དེ་དག་ལ་ཚོན་རྩི་གཏོང་དགོས། དེང་སང་ས་ཆ་མང་ཤོས་ཀྱི་ཤིང་ཆས་ལ་བཏང་བའི་ཚོན་རྩི་ནི་ཐད་ཀ་ཚོང་ཁང་ནས་ཉོས་པའི་རྫས་འགྱུར་གྱི་ཚོན་འདྲ་མིན་ཡིན་ནའང་། ཀླུང་ནགས་ཀྱི་ད་རུང་སྔར་གྱི་སྲོལ་རྒྱུན་འཛིན་ཏེ་ཞབས་གདན་ཞེས་པའི་ཤིང་ལས་བྱུང་བའི་རང་བྱུང་གི་ཚོན་བེད་སྤྱོད་བྱེད་ཀྱིན་ཡོད། རང་བྱུང་གི་ཚོན་རྩི་དེ་མི་ཡི་གཟུགས་ཁམས་ལ་མི་གནོད་ཅིང་། ཇ་དང་ཟས་ཚ་མོ་བླུགས་ནའང་དྲི་ངན་ཕྱིར་དོད་རྒྱུ་མེད་པ་མ་ཟད། དུས་ཡུན་ཅི་འདྲ་འགོར་ཡང་སྔར་གྱི་བཀྲག་མདངས་ཡལ་མི་སྲིད།

        གྲོང་པའི་ནང་གི་རྒན་པོ་འགའ་དང་ཁ་བརྡ་བྱས་པ་ལས་ཀླུང་ནགས་ཞེས་པའི་གྲོང་པ་འདི་རུ་ཤིང་ཕུར་སོགས་ཤིང་ཆས་བཟོ་བའི་ལོ་རྒྱུས་ནི་མི་རབས་བཅུ་ལྷག་ཟིན་ཡོད་ལ་ད་བར་མི་ལོ༧༠༠ནས༨༠༠བར་ཡོད་པ་ཤེས། བཅིངས་འགྲོལ་མ་བཏང་སྔོན་དུ་ཀླུང་ནགས་ཀྱི་ཤིང་མཁན་ཚོ་ལུང་པ་གཞན་དག་ཏུ་ཤིང་ཆས་བཟོ་འགྲོ་བའི་ཞོར་དུ་ལག་ཤེས་དེའང་ཕྱི་རུ་རིམ་གྱིས་ཁྱབ། བཅིངས་འགྲོལ་བཏང་རྗེས། སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ཀླུང་ནགས་ཀྱི་ཤིང་མཁན་གྲགས་ཅན་སྔར་རྗེས་སུ་རོང་པ་དང་། རྒྱལ་ཐང་། འབའ་ལུང་། ཀོང་རྩེད་ར། བྲག་ཞབས། ཐང་སྟེང་སོགས་བདེ་ཆེན་ཁུལ་ནང་གི་ས་ཆ་མང་པོ་དང་། རྒྱང་ཐག་ཅུང་རིང་བའི་ཏ་ལི་དང་། ཧི་ཆིན། ཅན་ཁྲོན་སོགས་སུའང་གདན་དྲངས་ནས་ཤིང་ཆས་བཟོ་རྩལ་ཁྲིད་སྟོན་བྱས་ཤིང་ཤིང་ཆས་བཟོ་གྲྭའང་བཙུགས། གཞན་ཡང་ལུང་པ་མི་གཅིག་པའི་མི་ཀླུང་ནགས་སུ་ཤིང་ཆས་བཟོ་རྩལ་སྦྱོང་ཡོང་མཁན་ཡང་མི་ཉུང་བ་ཡོད།     དེའང་དེང་སང་ཤིང་ཕུར་དང་པ་རུ་སོགས་བཟོ་དུས་འཕྲུལ་ཆ་ལ་བརྟེན་ནས་བཟོ་བཞིན་ཡོད་ལ། དེ་སྔོན་ཤིང་ཆས་བཟོ་བྱེད་ནི་དང་ཐོག་རྐང་འཁོར་ཡིན་པ་དང་རིམ་གྱིས་ཆུ་འཁོར་རུ་དར་འཕེལ་བཏང་། དེ་ནས་རིམ་བཞིན་གློག་འཁོར་རུ་བསྒྱུར།

        གཏམ་གླེང་བྱེད་རིམ་དུ། ཧོ་ཡུས་ཧྭ་ཚང་གི་མག་པ་ཉི་མས་ང་ཚོ་ལ་ཁོ་རང་གི་འཆར་འགོད་ཞིག་བཤད་པ་ནི། ཁོ་རང་གིས་ཤིང་ཆས་བཟོ་བསྐྲུན་བཤམས་སྟོན་ཁང་ཆུང་ཆུང་ཞིག་བཙུགས་ནས་ཀླུང་ནགས་ཀྱི་ཤིང་ཆས་བཟོ་སྐྲུན་ལག་ཤེས་དང་ལག་ཆས་དེ་དག་སྔར་ལས་མང་བའི་མི་ལ་ཤེས་སུ་བཅུག་རྒྱུ་དང་། མེས་པོས་བཞག་པའི་ལག་རྩལ་ངོ་མཚར་དེ་རྒྱུད་འཛིན་ལེགས་པོ་བྱས་ཤིང་ཤིང་ཆས་རིགས་སྔར་ལས་མང་བ་གསར་སྤེལ་བྱ་རྒྱུ་ཡིན་ཟེར།