དབུ་ཤོག >> བདེ་ཐང་མཛུབ་སྟོན།
རྐང་ལག་ཁ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས།
རྩོམ་པ་པོ། དུས་ཚོད། 2018-10-25 རྩོམ་ཁུངས།

        རྐང་ལག་ཁ་ནད་ནི་བྱིས་པའི་ཆེས་རྒྱུན་མཐོང་གི་རིམས་ནད་ཅིག་ཡིན་ཞིང་། ཉིས་སྟོང་བརྒྱད་ལོར་ཐོ་འགོད་བྱས་པའི་ཚུན་ལ། ལོ་རེར་ཐོ་འགོད་བྱས་པའི་ནད་དཔེ་སྙན་ཞུའི་གྲངས་ཀ་ས་ཡ་ཡན་ལ་བུད་ཡོད། དེ་བས་ནད་རིགས་དེས་རང་རྒྱལ་གྱི་ལོ་ལྔར་བུད་པའི་བྱིས་པ་དང་ཡང་ན་དེའི་མན་གྱི་བྱིས་པའི་ཚེ་སྲོག་བདེ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་བཞིན་ཡོད།

        སྔོན་ཆད་ཀྱི་རྐང་ལག་ཁ་ནད་མཆེད་པའི་ཆོས་ཉིད་ལྟར། དཔྱིད་ཀ་དང་དབྱར་ཁ་ནི་རྐང་ལག་ཁ་ནད་མཆེད་པའི་དུས་ཚིགས་ཡིན་པས་ད་ལོའི་ཟླ་གསུམ་པ་ནས་བཟུང་རྐང་ལག་ཁ་ནད་ཀྱི་འབྱུང་ཚད་ཇེ་མཐོར་གྱུར། ཁྱོན་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྐང་ལག་ཁ་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་དང་ཁྱབ་གདལ་དུ་གཏོང་ཆེད། ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་མཁས་པ་རྩ་འཛུགས་བྱས་ནས་རྐང་ལག་ཁ་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་གནས་ཚུལ་གཙོ་བོ་ཕྱོགས་སྡོམ་བྱས་ཡོད་པ་གཤམ་གསལ་ལྟར།

        གཅིག   ཅི་ཞིག་ལ་རྐང་ལག་ཁ་ནད་ཟེར།

        རྐང་ལག་ཁ་ནད་ནི་བྱིས་པའི་ཆེས་རྒྱུན་མཐོང་གི་རིམས་ནད་ཅིག་ཡིན། ཚ་རྒྱས་པ་དང་ཁའི་ནང་དུ་ཆུ་བུར་རྒྱག་པའམ་ཡང་ན་རལ་ཟགས་འབྱུང་བ། ལག་པ་དང་རྐང་བ།འཕོངས་ངོས་བཅས་ལ་ཆུ་བུར་འབུད་པ་མངོན་རྟགས་གཙོ་བོ་ཡིན་ཞིང་། ནད་པ་ཉུང་ཤས་ཤིག་ལ་དེ་ལས་ཀྱང་ཚབས་ཆེ་བའི་བླ་གཉན་ནད་འབྱུང་སྲིད། དཔེར་ན། ཀླད་པའི་གཉན་ཚད་དང་ཀླད་གཞུང་ཀླད་ཚད། མྱུར་གཤིས་ལྷོད་འགྱངས་རང་བཞིན་གྱི་བེམ་སྦྲིད། གློ་བ་ཆུ་སྐྲངས། གློ་བ་ནས་ཁྲག་བཞུར་བ། གློ་སྙིང་ནུས་པ་ཉམས་རྒུད་དུ་འགྲོ་བ་སོགས་འབྱུང་སྲིད།

        གཉིས། ནད་གཞི་གང་ཞིག་གིས་རྐང་ལག་ཁ་ནད་སློང་སྲིད་དམ།

        རྒྱུ་ལམ་གྱི་ནད་དུག་གིས་རྐང་ལག་ཁ་ནད་ཀྱི་ནད་གཞི་བསླངས་པ་རེད།

        གསུམ། རྐང་ལག་ཁ་ནད་ལ་ནད་ཐོག་གི་མངོན་རྟགས་གང་དག་ཡོད་དམ།

        རྐང་ལག་ཁ་ནད་ཀྱི་ནད་རྟགས་རྒྱུན་པར་ཅུང་ཡང་ཞིང་། ཉིན་བདུན་ནས་བཅུ་ཙམ་འགོར་རྗེས་རང་ཤུགས་ཀྱིས་དྲག་འགྲོ་བ་ཞིག་རེད། བྱིས་པར་ནད་དེ་ཐོག་མར་འབྱུང་སྐབས་ཚ་རྒྱག་པ་དང་ཟས་ཟ་མར་ཡི་ག་མེད་པ། ཐང་ཆད་པ་དང་མིད་པ་ན་བ་བཅས་འབྱུང་། ཚ་བརྒྱབ་ནས་ཉིན་གཅིག་ནས་གཉིས་ཙམ་འགོར་རྗེས། ལྕེ་དང་སོ་རྙིལ། འགྲམ་པའི་ནང་ངོས་སོགས་ཁའི་ནང་དུ་ཆུ་བུར་འབུད་པ་དང་། ན་ཟུག་ལངས་པ་ཡིན། ཐོག་མར་ཁའི་ནང་དུ་དམར་ཐིག་ཆུང་ཆུང་འབྱུང་བ་དང་དེ་ནས་རིམ་གྱིས་ཆུ་བུར་དུ་གྱུར་ནས་རལ་རྡོལ་འབྱུང་བ་ཡིན། དེ་ལས་གཞན། བྱིས་པ་མང་ཆེ་བའི་ལག་མཐིལ་དང་རྐང་མཐིལ་དུ་པགས་འབྲུམ་འབྱུང་ཞིང་། པགས་འབྲུམ་དེ་ལ་ཟ་འཕྲུག་མི་ལངས་ལ། པགས་འབྲུམ་ལ་ལར་ད་དུང་ཆུ་བུར་རྒྱག་སྲིད། གནས་གཞན་སྟེ་དཔེར་ན་འཕོངས་ངོས་དང་པུས་མོ། གྲུ་མོ། ལུས་ཐོག་བཅས་སུ་པགས་འབྲུམ་འབྱུང་བའང་ཡོད།

ནད་པ་ཉུང་ཤས་ཤིག་ལ་ནད་དེའི་གནས་ཚུལ་མྱུར་མོར་ཇེ་སྡུག་ཏུ་གྱུར་ནས་ཀླད་པ་དང་གློ་བ། སྙིང་ཁམས་བཅས་སུ་བླ་གཉན་གྱི་ནད་རིགས་ཚབས་ཆེན་འབྱུང་སྲིད་དེ། དཔེར་ན། ཀླད་པའི་གཉན་ཚད་དང་ཀླད་གཞུང་ཀླད་ཚད། མྱུར་གཤིས་ལྷོད་འགྱངས་        རང་བཞིན་གྱི་བེམ་སྦྲིད། གློ་བ་ཆུ་སྐྲངས། གློ་བ་ནས་ཁྲག་བཞུར་བ། གློ་སྙིང་ནུས་པ་ཉམས་རྒུད་དུ་འགྲོ་བ་སོགས་འབྱུང་སྲིད།

        བཞི། རྐང་ལག་ཁ་ནད་དེ་ཇི་ལྟར་འགོས་པ་ཡིན་ནམ།

        རྐང་ལག་ཁ་ནད་དེ་གཙོ་བོར་ནད་པའི་བཤང་གཅི་དང་། ཆུ་བུར་གྱི་ཟགས་ཆུ། ཁ་ཆུ་སྣ་ཆུ་བཅས་ལས་འགོས་པ་དང་། འབག་བཙོག་ཐེབས་པའི་ལག་པ་དང་། ལག་ཕྱིས། སྣབས་ཕྱིས། སོ་འཁྲུད་ཀྱི་སྣོད། རྩེད་ཆས། ནུ་ཁུག ཉལ་ཆས་སོགས་ལས་འགོས་པ་མ་གཏོགས་གཞན་ད་དུང་ཁོར་ཡུག་ལས་འགོས་པའང་ཡོད། བྱིས་པར་རྐང་ལག་ཁ་ནད་བྱུང་རྗེས་ཀྱི་ཐོག་མའི་གཟའ་འཁོར་ནང་གཞན་ལ་བགོ་ཚད་ཆེས་མཐོ།

        ལྔ། རྐང་ལག་ཁ་ནད་དེ་གཙོ་བོར་རྒྱལ་ཁབ་དང་ས་ཁུལ་གང་དག་ཏུ་འགོས་ཚབས་ཆེ་བ་ཡིན་ནམ།

        ཉེ་བའི་ལོ་ཉི་ཤུ་ཙམ་གྱི་རིང་ལ། རྐང་ལག་ཁ་ནད་དེ་གཙོ་བོར་ཡ་གླིང་གི་རྒྱལ་ཁབ་ཁག་ཏུ་འགོས་ཚབས་ཆེ་སྟེ། དཔེར་ན། ཀྲུང་གོ་དང་མ་ལེ་ཞི་ཡ། འཇར་པན། ཞིན་ཅ་ཕོ། ཡའོ་ནན། ཧན་གོ། ཐེ་གོ ཁམ་པོ་རྫ་སོགས་ཡིན། དེ་ལས་ཀྱང་རང་རྒྱལ་ནི་འཛམ་གླིང་སྟེང་རྐང་ལག་ཁ་ནད་འབྱུང་ཚད་དང་ཤི་ཚད་ཆེས་མང་པའི་རྒྱལ་ཁབ་ཅིག་ཡིན།

        དྲུག རྐང་ལག་ཁ་ནད་མཆེད་ཚད་ཆེས་མཐོ་བའི་དུས་ཚིགས་གང་ཡིན་ནམ།

        རང་རྒྱལ་དུ་ལོ་རེའི་ཟླ་བཞི་བ་ནས་དྲུག་པའི་བར་ནི་རྐང་ལག་ཁ་ནད་འབྱུང་ཚད་ཆེས་མཐོ་བའི་དུས་ཡིན། ས་ཁུལ་ཁ་ཤས་དང་ལྷག་པར་དུ་ལྷོ་ཕྱོགས་ས་ཁུལ་དུ་ལོ་རེའི་ཟླ་བཅུ་པ་ནས་བཅུ་གཅིག་པའི་བར་དུ་འབྱུང་བའང་ཡོད།

        བདུན། མི་གང་དག་ལ་རྐང་ལག་ཁ་ནད་འབྱུང་སླ་བ་ཡིན།

        རྐང་ལག་ཁ་ནད་དེ་ལོ་ལྔ་དང་ཡང་ན་ལོ་ལྔའི་མན་གྱི་བྱིས་པར་འབྱུང་སླ་ཞིང་། ཟླ་དྲུག་ཅན་དང་ཡང་ན་དེའི་མན་གྱི་བྱིས་པ་རློན་ནུར་འབྱུང་ཚད་ཅུང་ཉུང་ལ། བྱིས་པ་ཟླ་དྲུག་ལ་བུད་རྗེས་སུ་རིམ་གྱིས་ནད་དེའི་འབྱུང་ཚད་ཇེ་མཐོར་འགྲོ་བ་ཡིན། ལོ་གཅིག་ནས་ལོ་གཉིས་ཅན་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ་ཞིང་ཤི་བའི་ཉེན་ཁའང་ཤིན་ཏུ་ཆེ།

        བརྒྱད། བྱིས་པར་རྐང་ལག་ཁ་ལག་ཐེངས་གཅིག་ལས་ཐེངས་མང་འབྱུང་སྲིད་དམ།

        རྐང་ལག་ཁ་ནད་བྱུང་བའི་བྱིས་པ་མང་ཆེ་བར་ནད་དུག་འགོས་པའི་རྒྱུ་ལམ་གྱི་དྭངས་ཁྲག་ལ་སྲུང་སྐྱོབ་ཀྱི་འགོག་གཟུགས་གྲུབ་པར་བརྟེན། རྒྱུ་ལམ་གྱི་ནད་དུག་གཅིག་པའི་དྭངས་ཁྲག་རང་བཞིན་དེ་ཡང་བསྐྱར་འབྱུང་ཚད་ཆེས་དམའ་བ་ཡིན། ཡིན་ནའང་སྣ་མང་བའི་རྒྱུ་ལམ་གྱི་ནད་དུག་གི་དྭངས་ཁྲག་རང་བཞིན་ཡོད་ཚད་ཀྱིས་རྐང་ལག་ཁ་ནད་སློང་སྲིད་པར་མ་ཟད། ཕན་ཚུན་གྱི་བར་དུ་སྲུང་སྐྱོབ་ཀྱི་ནུས་པ་མེད་པས། བྱིས་པར་རྒྱུ་ལམ་གྱི་ནད་དུག་མི་གཅིག་པའི་དྭངས་ཁྲག་རང་བཞིན་གྱི་རྐང་ལག་ཁ་ནད་ཐེངས་མང་འབྱུང་སྲིད།

        དགུ། རྐང་ལག་ཁ་ནད་བྱུང་བའི་བྱིས་པར་ཁྱིམ་དུ་གསོ་བཅོས་བྱེད་སྐབས་དང་ལོགས་སུ་བཀར་ནས་གསོ་བཅོས་བྱེད་དུས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་དམ།

        1.བྱིས་པར་རང་ཁྱིམ་ནས་ལོགས་སུ་བཀར་ནས་གསོ་བཅོས་བྱེད་པའི་སྐབས་སུ། ཁྱིམ་བདག་དང་གཉོར་སྐྱོང་བྱེད་མིས་ནད་བབ་ཀྱི་འགྱུར་ལྡོག་ལ་ལྟ་རྟོག་ནན་མོ་བྱས་ཏེ། བསྟུད་མུར་ཚ་རྒྱག་པ་དང་རྣམ་རིག་མི་གསལ་བ། གཉིད་འཐིབས་པའམ་རྐང་རྐ་ལག་འདར་ཡང་བྱེད་པ་སོགས་བྱུང་ཚེ། ནད་བབ་ཅུང་ལྗིད་པས་མྱུར་དུ་སྨན་ཁང་དུ་སྟོན་པར་འགྲོ་དགོས།

        2.ཉིན་རྒྱུན་ཁྱིམ་གྱི་གཙང་སྦྲར་དོ་སྣང་བྱེད་དགོས། རྒྱུན་པར་རེག་ཐུག་བྱེད་བཞིན་པའི་ཁྱིམ་གྱི་སྣོད་ཅ་ལག་དང་རྩེད་ཆས། ས་ངོས་སོགས་ལ་གཙང་སྦྲ་དང་དུག་སེལ་བྱེད་དགོས། ནད་པའི་ཁ་ཆུ་སྣ་ཆུ་དང་ཕྱིར་བསྐྱུགས་པའི་སྐྱུགས་རོ་དང་གཅིན་སྐྱག་སོགས་ལ་གཙང་སྦྲ་དང་དུག་སེལ་ནན་མོ་བྱེད་དགོས།

        3.བྱིས་པར་རང་ཁྱིམ་ནས་ལོགས་སུ་བཀར་ནས་གསོ་བཅོས་བྱེད་པའི་དུས་ཡུན་ནི། ནད་རྟགས་ཡོད་ཚད་མེད་པར་གྱུར་རྗེས་ད་དུང་གཟའ་འཁོར་གཅིག་གི་དུས་ཡུན་འགོར་དགོས། དེའི་རིང་ལ་བྱིས་པ་སྒོའི་ཕྱི་རོལ་དུ་འགྲོ་རུ་འཇུག་མི་རུང་ཞིང་། བྱིས་གཉོར་ཁང་དང་མི་མང་འདུ་སར་དེ་བས་ཀྱང་འགྲོ་རུ་འཇུག་མི་རུང་།

        བཅུ། རྐང་ལག་ཁ་ནད་དེ་སངས་དྲག་ཏུ་གཏོང་ཐུབ་བམ།

        རྐང་ལག་ཁ་ནད་ཀྱི་ནད་རྟགས་ཅུང་ཡང་བའི་ནད་པ་དང་དེ་དང་བསྡོངས་ནས་སྲིན་འབུ་མེད་པའི་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་བྱུང་བའི་ནད་པ་སངས་དྲག་ཏུ་གཏོང་ཐུབ། ཀླད་གཞུང་ཀླད་ཚད་དང་མྱུར་གཤིས་ལྷོད་འགྱངས་རང་བཞིན་གྱི་བེམ་སྦྲིད། གློ་བ་ཆུ་སྐྲངས། གློ་བ་ནས་ཁྲག་བཞུར་བ། གློ་སྙིང་ནུས་པ་ཉམས་རྒུད་དུ་འགྲོ་བའི་བླ་གཉན་ནད་བྱུང་བའི་ནད་པ་ལྗིད་མོར་རྐང་ལག་ལ་ཤེད་མེད་པ་དང་། ཤ་གྲིམ་འཁུམ་པ། ཀླད་ཆུང་གི་བྱེད་ལས་ལ་བར་བགེགས་ཐེབས་པ། དབང་རྩའི་འཚར་སྐྱེས་ཇེ་དལ་དུ་འགྲོ་བ། ཟས་ཟ་མ་མིད་དཀའ་བ་སོགས་ཀྱི་ནད་རྔ་ལུས་སྲིད་པ་དང་། ད་དུང་ནད་པ་ལྗིད་མོ་ཉུང་ཤས་ཤིག་དུས་ཐོག་ཏུ་གསོ་བཅོས་བྱེད་མ་ཐུབ་པར་ཤི་བའི་གནས་ཚུལ་ཡང་འབྱུང་བཞིན་ཡོད།

        བཅུ་གཅིག རྐང་ལག་ཁ་ནད་རྒྱུན་པར་ཇི་ལྟར་སྔོན་འགོག་བྱེད་དགོས།

        མི་རང་ཉིད་ཀྱི་གཙང་སྦྲ་དང་ཁོར་ཡུག་གི་གཙང་སྦྲར་དོ་སྣང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། དེ་ཡང་བྱེ་བྲག་ཏུ་བཤད་ན།

        1.ལག་པའི་གཙང་སྦྲར་དོ་སྣང་བྱེད་དགོས། ལྷག་པར་དུ་ཁ་སྣར་རེག་ཐུག་བྱེད་སྐབས་དང་ཟ་མ་ཟ་སྐབས། སྤྱོད་ཁང་དུ་བུད་རྗེས་དང་ཡང་ན་བྱིས་པའི་གཅིན་སྟན་བརྗེ་གསོར་དང་གཅིན་སྐྱག་ལ་བདག་བྱས་རྗེས། འདག་རྫས་བཀོལ་ནས་ལག་པ་གཙང་མར་བཀྲུ་དགོས།

        2.སྣ་སྦྲིད་རྒྱག་སྐབས་དང་ལུ་བའི་སྐབས་སུ་ལག་ཕྱིས་དང་ཤོག་བུས་ཁ་སྣ་བཏུམ་དགོས།

        3.མི་གཞན་དང་ལག་ཕྱིས་སོགས་མཉམ་སྤྱོད་བྱེད་མི་རུང་།

        4.ནད་པ་དང་འབྲེལ་གཏུག་ཟབ་མོ་བྱེད་མི་རུང་སྟེ། དཔེར་ན་འོ་བྱེད་པ་དང་པང་དུ་འཛིན་པ་སོགས་བྱེད་མི་རུང་།

        5.རྒྱུན་པར་གཙང་སྦྲ་དང་དུག་སེལ་བྱེད་དགོས། རྒྱུན་པར་རེག་ཐུག་བྱེད་བཞིན་པའི་དངོས་རྫས་དེ་དཔེར་ན། རྩེད་ཆས་དང་ཁྱིམ་སྤྱོད་ཡོ་ཆས་སོགས་ལ་གཙང་སྦྲ་དང་དུག་སེལ་ལེགས་པོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།

        6.ཐེངས་གཅིག་རང་བཞིན་དུ་བཀོལ་བའི་ལག་ཕྱིས་དང་ཤོག་བུས་ནད་པའི་ཁ་ཆུ་སྣ་ཆུ་དང་སྐྱུགས་རོ། གཅིན་སྐྱག་སོགས་ཕྱིས་རྗེས་གད་སྙིགས་ནང་དུ་འཕེན་དགོས་ཤིང་། དུས་ཐོག་ཏུ་ཁང་བའི་ནང་དང་ཁོར་ཡུག་ལ་གཙང་སྦྲ་དང་དུག་སེལ་བྱེད་དགོས།

        7.རྐང་ལག་ཁ་ནད་མཆེད་པའི་དུས་སུ་རབ་ཡིན་ན་བྱིས་པ་ཁྲིད་ནས་མི་མང་འཚོགས་ས་དང་ཐུན་མོང་གི་བྱ་འགུལ་སོགས་ལ་མ་ཞུགས་ན་བཟང་།

        བཅུ་གཉིས། རྐང་ལག་ཁ་ནད་ཀྱི་འགོག་སྨན་ཡོད་དམ།

        མིག་སྔར་རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་མ་གཏོགས་མེད་ཅིང་། འགོག་སྨན་དེ་ནི་རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པ་ཡིན་ཞིང་། མིག་སྔར་འཛམ་གླིང་སྟེང་བཀོལ་སྤྱོད་བྱེད་ཆོག་པའི་འགོག་སྨན་གཅིག་པུའང་ཡིན། རྒྱུ་ལམ་གྱི་ནད་དུག་འགོག་པའི་འགོག་སྨན་གཞན་དག་ད་ལྟ་ཞིབ་འཇུག་གསར་བཟོ་བྱེད་བཞིན་པའི་སྒང་ཡིན།

        བཅུ་གསུམ། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེས་རྐང་ལག་ཁ་ནད་ཡོད་ཚད་སྔོན་འགོག་བྱེད་ཐུབ་བམ།

        མིག་སྔར་རྒྱུ་ལམ་གྱི་ནད་དུག་རང་བཞིན་གྱི་འགོག་སྨན་དེས་རྒྱུ་ལམ་གྱི་ནད་དུག་71རང་བཞིན་དང་འབྲེལ་བའི་རྐང་ལག་ཁ་ནད་དང་རྒྱུ་ལམ་གྱི་ནད་དུག71རང་བཞིནEV71ལས་བསླངས་པའི་ནད་རིགས་གཞན་དག་སྟེ། དཔེར་ན། འབྲུམ་ཐོར་རང་བཞིན་གྱི་གྲེ་འཕྲང་ཚ་ནད་ལྟ་བུར་སྔོན་འགོག་བཟང་བོ་བྱེད་ཐུབ། ཡིན་ནའང་རྒྱུ་ལམ་གྱི་དྭངས་ཁྲག་རང་བཞིན་གྱི་ནད་དུག་གཞན་དག(རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)མ་ཡིན་པ།) གིས་བསླངས་པའི་རྐང་ལག་ཁ་ནད་ལ་སྔོན་འགོག་བྱེད་མི་ཐུབ། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)ནི་རྐང་ལག་ཁ་ནད་ཆེས་ལྕི་མོའི་རིགས་དང་ཤི་ཚད་མཐོ་བའི་ནད་རིགས་ཤིག་ཡིན་པས། འགོག་སྨན་དེས་རྐང་ལག་ཁ་ནད་ཡོད་ཚད་སྔོན་འགོག་བྱེད་མི་ཐུབ་རུང་། རྐང་ལག་ཁ་ནད་ཀྱི་ནད་པ་ལྗིད་མོའི་སྐོར་དང་ཡང་ན་དེའི་ཤི་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་ཐུབ།

        བཅུ་བཞི། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེའི་ནུས་པ་ཅི་འདྲ་ཡིན་ནམ།

        འགོག་སྨན་དེར་ནད་ཐོག་ནས་ཚོད་ལྟ་བྱས་པའི་མཇུག་འབྲས་ལྟར་ན། འགོག་སྨན་བརྒྱབ་ཡོད་པའི་མི་ལ་སྲུང་སྐྱོབ་ཀྱི་ཕན་འབྲས་ཅུང་བཟང་བོ་ཐོན་ཡོད་དེ། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)དང་འབྲེལ་བའི་རྐང་ལག་ཁ་ནད་ལ་སྲུང་སྐྱོབ་ཐོབ་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་བུད་ཡོད།

        བཅོ་ལྔ། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་བདེ་འཇགས་ཡིན་ནམ།

        དེར་ནད་ཐོག་ནས་ཚོད་ལྟ་བྱས་པའི་མཇུག་འབྲས་ལྟར་ན། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་ཧ་ཅང་བདེ་འཇགས་ཡིན་པ་རེད། བྱིས་པ་ཁ་ཤས་ཤིག་ལ་འགོག་སྨན་དེ་བརྒྱབ་རྗེས་ཚ་ཅུང་ཙམ་ལངས་པ་དང་འགོག་སྨན་བརྒྱབ་པའི་གནས་ཅུང་དམར་པོར་འགྱུར་བ་དང་སྐྲངས་པ། རྨ་མདུད་རྒྱག་པ། ན་ཟུག་ལངས་པ་སོགས་འབྱུང་སྲིད་ལ། སྤྱིར་བཏང་དུ་ཉིན་གསུམ་གྱི་ནང་དུ་རང་ཤུགས་ཀྱིས་མེད་འགྲོ་བ་ཡིན།

        བཅུ་དྲུག    མི་གང་དག་ལ་རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་རྒྱག་དགོས་པ་ཡིན།

        རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་ཟླ་དྲུག་ནས་ལོ་ལྔར་བུད་པའི་བྱིས་པར་བརྒྱབ་ན་འཚམས་པ་དང་། རབ་ཡིན་ན་ལོ་གཅིག་ལ་མ་བུད་གོང་བརྒྱབ་ན་བཟང་། ལོ་གཅིག་དང་ཡང་ན་དེའི་ཡན་དུ་བུད་པའི་བྱིས་པར་འགོག་སྨན་བརྒྱབ་པ་ཇི་ལྟར་སྔ་ན་དེ་ལྟར་བཟང་། ལོ་ལྔའི་ཡན་ལ་བུད་པའི་བྱིས་པ་དང་ཡང་ན་མི་དར་མར་ཕལ་ཆེར་ལུས་སྟེང་དུ་རིམས་འགོག་གི་ནུས་པ་རང་བཞིན་དུ་གྲུབ་ཟིན་པས། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་རྒྱག་མི་དགོས།

        བཅུ་བདུན། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་བརྒྱབ་རྗེས་ཡང་བསྐྱར་རྐང་ལག་ཁ་ནད་ཀྱི་ནད་འབྱུང་སྲིད་དམ།

        བྱིས་པར་རྐང་ལག་ཁ་ནད་ཀྱི་འགོག་སྨན་བརྒྱབ་རྗེསཡང་བསྐྱར་71རང་བཞིན་གྱི་རྒྱུ་ལམ་ནད་དུག་གིས་བསླངས་པའི་རྐང་ལག་ཁ་ནད་དེ་འབྱུང་མི་སྲིད་མོད། ཡིན་ནའང་71རང་བཞིན་གྱི་རྒྱུ་ལམ་གྱི་ནད་དུག་མ་ཡིན་པའི་གཞན་པའི་རྒྱུ་ལམ་གྱི་ནད་དུག་གང་རུང་གིས་བསྐྱེད་པའི་རྐང་ལག་ཁ་ནད་འབྱུང་སྲིད།

        བཅོ་བརྒྱད། རྐང་ལག་ཁ་ནད་བྱུང་ཟིན་པའི་བྱིས་པར་ཡང་བསྐྱར་རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་རྒྱག་དགོས་སམ།

        སྔོན་དུ་བྱུང་ཟིན་པའི་རྐང་ལག་ཁ་ནད་དེ་རྒྱུ་ལམ་གྱི་ནད་དུག71རང་བཞིན་གྱིས་བསླངས་པ་ཡིན་ན། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་རྒྱག་མི་དགོས། གལ་ཏེ་སྔོན་ཆད་བྱུང་བའི་རྐང་ལག་ཁ་ནད་དེ་རྒྱུ་ལམ་གྱི་ནད་དུག་གཞན་དག་གིས་བསྐྱེད་པ་ཡིན་ན། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་རྒྱག་དགོས་པ་ཡིན།

        བཅུ་དགུ། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེ་གང་དུ་སོང་ནས་རྒྱག་དགོས་སམ།

        ས་གནས་ཀྱི་རིམས་འགོག་རྒྱག་སའི་ལས་ཁུངས་སམ་ཡང་ན་ས་གནས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ནས་རིམས་འགོག་སྨན་ཁབ་རྒྱག་དགོས།

        ཉི་ཤུ། རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་རྒྱག་སྐབས་ཀྱི་འཛེམ་བྱ།

        རྒྱུ་ལམ་གྱི་ནད་དུག71རང་བཞིན(EV71)གྱི་འགོག་སྨན་དེའི་གྲུབ་ཆ་གང་རུང་གིས་ཚོར་ཐལ་རང་བཞིན་གྱི་ཞོར་སྐྱོན་འབྱུང་བ་དང་། ཚ་རྒྱས་པ། མྱུར་བའི་རང་བཞིན་དང་དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པ་བཅས་ཀྱིས་འགོག་སྨན་དེ་རྒྱག་མི་རུང་། བྱེ་བྲག་གི་གནད་དོན་ས་གནས་ཀྱི་རིམས་འགོག་རྒྱག་སའི་ལས་ཁུངས་སམ་ཡང་ན་ས་གནས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་སུ་སོང་ནས་གསལ་བོར་དྲིས་ཆོག   

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་»གིས་འདོན་སྤྲོད་བྱས་པ་ཡིན།