དབུ་ཤོག >> ས་གནས་གསར་འགྱུར།
ཝང་དབྱང་གིས་ཡུན་ནན་བོད་ཁུལ་གྱི་མི་རིགས་ཆོས་ལུགས་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད།
རྩོམ་པ་པོ། དུས་ཚོད། 2018-10-18 རྩོམ་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཡུན་ནན་བོད་ཁུལ་གྱི་མི་རིགས་ཆོས་ལུགས་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་ནན་མོ་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་གཏན་འཇགས་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། རྒྱུན་མཐུད་ངང་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་བཏང་སྟེ། བོད་ཁུལ་ཡུན་སྐྱོང་བདེ་འགོད་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས་ཟེར།

        ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཝང་དབྱང་བདེ་ཆེན་གྱི་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། གཞིས་ཁུལ་ཞབས་ཞུ་ས་ཚིགས། ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་སུ་སོང་ནས། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར། མི་རིགས་མཐུན་སྒྲིལ། དགོན་སྡེ་དོ་དམ་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་བྱས་པར་མ་ཟད། ཡུན་ནན་ཞིང་ཆེན་ཏང་ཨུས་ཕུལ་བའི་དབུལ་ཐར་མཁྲེགས་གཏོར་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཡུན་ནན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ཡུན་ནན་ནི་རང་རྒྱལ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་མི་རིགས་མང་པོ་འདུས་སྡོད་བྱེད་ས་དང་ཆོས་ལུགས་མང་པོ་མཉམ་གནས་ཀྱི་ཞིང་ཆེན་ཞིག་ཡིན་པས། མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་རྒྱལ་ཡོངས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། མི་རིགས་སོ་སོ་འགྲིག་མཐུན་ཡོང་བ་དང་བརྗེ་རེས་འགྲོ་འོང་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཉམས་མྱོང་བསྡུ་གསོག་བྱེད་དགོས། ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཆོས་ལུགས་སྔར་ལས་བཟང་བའི་སྒོ་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་བྱེད་པར་སྣེ་ཁྲིད་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་གཏོང་བ་དང་། རིགས་མི་འདྲ་བའི་ཁ་བྲལ་དང་གཏོར་བརླག་བྱ་འགུལ་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ། ཆོས་སྲོལ་ཇེ་བཟང་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་གཙོར་བཟུང་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆོས་ལུགས་ཚོང་ལས་ཅན་དུ་བསྒྱུར་བར་བཀག་འགོག་བྱས་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

        ཝང་དབྱང་གིས་ནན་གྱིས་བསྟན་དོན། ཡུན་ནན་བོད་ཁུལ་དུ་དབུལ་ཕོངས་མི་གྲངས་མང་བ་དང་། དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་རྙོག་འཛིང་ཆེ་ལ། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཧ་ཅང་ལྕི་བས། བློ་བརྟན་འགྱུར་མེད་ཀྱིས་ད་ལྟ་སྤྱོད་བཞིན་པའི་དབུལ་ཕོངས་ཀྱི་ཚད་གཞི་ལ་དམིགས་ནས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ལག་བསྟར་བྱེད་པའི་ཁྲོད་གནས་པའི་གནད་དོན་འཚོལ་བ་དང་སྔོན་དུ་ཐག་གཅོད་པ། དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་དབུལ་སྐྱོར་ཚད་གཞི་ཇེ་མཐོར་གཏོང་བ། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་རྒྱུ་སྤུས་ཐག་གཅོད་པར་གནོད་སྐྱེལ་བའི་གནད་དོན་ཐག་བཅད་དེ། དུས་བཅད་ལྟར་དབུལ་ནག་གི་གནས་ལས་ཐར་བའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

        ཚེས་བཅུ་བདུན་ཉིན། ཝང་དབྱང་གིས་ད་དུང་ཁུན་མེན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་མཛད།  །