དབུ་ཤོག >> ས་གནས་གསར་འགྱུར།
རེ་ལྕག་གིས་རྒྱན་པའི་སེམས་ཀྱི་ཉི་ཟླ།
རྩོམ་པ་པོ། དུས་ཚོད། 2018-10-10 རྩོམ་ཁུངས།

        ཉེ་སྔོན།སེམས་ཀྱི་ཉི་ཟླ་རུ་ལོ་རེའི་ཆེས་ཡིད་དབང་འཕྲོག་པའི་དུས་ཚིགས་དེ་བསུས་ཡོང་སྟེ།རི་སྒང་གི་ཕང་བ་དང་སླས་རའི་མཐའ་འཁོར། རྩྭ་ཐང་གི་སྤང་ཁུག་བཅས་ན་དམར་མདངས་བཀྲ་བའི་རེ་ལྕག་ནི་ཞོགས་པའི་མཚམས་སྤྲིན་དང་དྲག་ཏུ་འཕྱུར་བཞིན་པའི་མེ་ཡི་ཕུང་བོ་རེ་རེ་དང་འདྲ་ལ།  བལྟས་ཚོད་ཀྱིས་ཁྱེད་ཀྱི་ཡིད་དབང་འཕྲོག་ཐུབ་པར་ཐེ་ཚོམ་མེད།

        ཁྱེད་ཀྱི་རྐང་ཞབས་ན་མནན་ཡོད་པའི་རྩྭ་ཐང་དང་མཐར་འཁོར་དུ་བཞད་ཡོད་པའི་རེ་ལྕག  དེ་མིན་ད་རུང་ལོགས་སུ་ཀྱ་ཀྱུར་གྱིས་འབབ་བཞིན་པའི་ཆུ་ཕྲན་དང་ཐག་རིང་ན་ལྗིད་ཀྱིས་འགྱིང་ཡོད་པའི་རི་ཚོགས་བཅས་ལན་གཅིག་བལྟས་པ་ན། ངག་རྒྱུན་ཁྲོད་ཀྱི་ཤམ་བྷ་ལའི་དག་ཞིང་དུ་ཡོད་པའི་སྣང་བ་ཞིག་ངང་གིས་སྐྱེས་ཡོང་།

        སེམས་ཀྱི་ཉི་ཟླའི་མཛེས་པ་ནི་ཁྱེད་ཀྱི་ངག་སྒོ་དང་སྨྱུག་ཁ་ནས་བཞེངས་ཐུབ་པའི་ལས་སླ་མོ་ཞིག་མ་ཡིན་ཏེ། ངེས་པར་ཏུ་སེམས་ཀྱི་ཟབ་ནས་ཚོར་དགོས་པ་ཞིག་དང་མྱོང་དགོས་པ་ཞིན་ཡིན། གལ་ཏེ་ཁྱེད་ཉིད་དཔྱིད་དུས་ཀྱི་སེམས་ཀྱི་ཉི་ཟླ་དང་རིང་དུ་གྱེས་སོང་ནའང་འགྱོད་དགོས་དོན་མེད་དེ། སྟོན་མཇུག་གི་སེམས་ཀྱི་ཉི་ཟླས་རེ་ལྕག་མེ་ཏོག་གི་མཛེས་པ་བཀླུབས་ནས་ཁྱེད་ལ་སྒུག་ཡོད།