དབུ་ཤོག >> ས་གནས་གསར་འགྱུར།
རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་གློག་བརྙན་ཁང་དུ་འདུ་འཛི་ཆེ།
རྩོམ་པ་པོ། པད་མ་མཚོ། དུས་ཚོད། 2018-10-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།དུས་ཆེན་གྱི་སྐབས་སུ་ཡུལ་སྐོར་དང་ཉེ་མི་ལྷན་འཛོམས་སོགས་བྱས་ནས་དུས་ཆེན་རོལ་བ་ལས།ཁྱིམ་མི་གང་བོ་གློག་བརྙན་ཁང་དུ་སོང་ནས་གློག་བརྙན་ལྟ་རྒྱུ་དེའང་དེང་གི་དར་སྲོལ་གསར་བ་ཞིག་ཏུ་ཆགས་འདུག

        གསར་འགོད་པའི་ཟླ10པའི་ཚེས་3ཉིན་གྱི་དགོང་མོར་བདེ་ཆེན་དུས་རབས་གོ་ལའི་གློག་བརྙན་ཁང་དུ་སོང་བ་ན།གློག་བརྙན་སྤ་སེ་ཉོ་མཁན་གྱི་མི་ཤིན་ཏུ་མང་།ལྷག་པར་དུ་རྒྱལ་སྟོན་སྐབས་གསར་དུ་སྟོན་པའི་གློག་བརྙན་གཉིས་ཏེ་ཏིན་ཁྲའོ་དང་སུང་ལི་སོགས་ཀྱིས་འཁྲབ་པའི་ཀྲང་ཡིས་མོའུ་ཡི་བརྩམས་ཆོས་གསར་བ་《གྲིབ་མ་》དང་ཀྲོང་ཝུན་ཆང་གིས་འཁྲབ་ཁྲིད་བྱས་པ་དང་།ཀྲུང་རོན་ཧྥ་དང་ཀུའོ་ཕུའུ་ཁྲེང་སོགས་ཀྱིས་འཁྲབ་པའི་《ཝུའུ་ཧྲང》ལྟ་མཁན་གྱི་མི་དེ་བས་མང་བ་རེད།

སེམས་ཀྱི་ཉི་ཟླའི་ཉི་ཤར་ཤང་ཐང་སྨད་གྲོང་སྡེའི་བཀྲ་ཤིས་རྒྱལ་མཚན་བཟའ་མི་གཉིས་ཀྱིས་ཀྱང་གྲལ་འགྲིག་ནས་གློག་བརྙན་གྱི་སྤ་སེ་ཉོ་བཞིན་ཡོད།ཁོང་གིས་རྒྱལ་སྟོན་དུས་ཆེན་རིང་།གང་ས་གང་དུ་མི་ཚོགས་ཀྱིས་བཀང་ཡོད་པ་དང་།ཕྱི་རོལ་དུ་ཡུལ་སྐོར་སོང་ནས་རང་ཉིད་ཆད་དུ་འཇུག་པ་ལས།གློག་བརྙན་བལྟས་ནས་དུས་ཆེན་རོལ་ན་བཟང་།རྒྱལ་སྟོན་དུས་ཆེན་རིང་ཁོང་གིས་ཆེས་དགའ་སའི་འཁྲབ་སྟོན་པས་འཁྲབ་པའི་གློག་བརྙན་ཞིག་ཀྱང་གསར་དུ་སྟོན་བཞིན་ཡོད་པས།ཕྱི་རོལ་དུ་སོང་བ་ལས་དུས་ཆེན་འདི་ལྟར་རོལ་ན་བཟང་ཞེས་བཤད་བྱུང་།

        གཞན་གློག་བརྙན་ཁང་གི་ངལ་གསོ་བྱེད་ས་དང་རྩེད་མོ་རྩེད་ས་ནས་རྒན་རྒོན་དང་བྱིས་པ་སོགས་ཀྱི་གྲིབ་གཟུགས་ཡང་མཐོང་ཐུབ།གློག་བརྙན་བལྟ་རྒྱུ་དེ་གྲོང་ཁྱེར་ཆེན་མོ་དང་གཞོན་ནུ་རྣམས་ཁོ་ནར་དབང་བའི་ཁེ་ཕན་མིན་པར།རིམ་བཞིན་རྒན་དར་གཞོན་གསུམ་ཡོངས་ཀྱིས་ཞུགས་པའི་མང་ཚོགས་ཀྱི་རོལ་རྩེད་འཛད་སྤྱོད་ཀྱི་བྱ་འགུལ་ཞིག་དང་དུས་ཆེན་རོལ་སྟངས་གསར་བ་ཞིག་ཏུ་ཆགས་འདུག