དབུ་ཤོག >> ས་གནས་གསར་འགྱུར།
ལོ་གཅིག་གི་ཞིང་བའི་ལས་ཀ་འདི་ལྟར་མཇུག་རྫོགས་ལ་ཉེ།
རྩོམ་པ་པོ། རིན་ཆེན་ཚེ་རིང་། དུས་ཚོད། 2018-10-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སོག་རྫོག་པ་ནི་ཞིང་བའི་ལོ་གཅིག་གི་ཆེས་མཐའ་མཇུག་གི་ལས་ཀ་དེ་ཡིན་ཏེ། ད་ལོའི་རྒྱལ་སྟོན་དུས་ཆེན་ཀྱི་གུང་གསེང་འདི་དག་དག་སེམས་ཀྱི་ཉི་ཟླའི་ཉེ་འཁོར་གྱི་ཞིང་བའི་སོག་རྫོག་པའི་དུས་ལ་བབས་པ་རེད།  ས་གནས་འདིའི་ཞིང་བས་ད་རུང་བོད་ཀྱི་སྲོལ་རྒྱུན་གྱི་རྨོན་པ་དོར་སྡེབ་ཀྱི་རྨོ་ཞིང་རིག་གནས་རྒྱུན་འཛིན་ལེགས་པོ་བྱས་ཡོད་ལ། དེང་རབས་འཕྲུལ་ཆས་སྤྱོད་བཞིན་པའི་ཁྱིམ་ཚང་ཡང་འགའ་རེ་ཡོད་པ་རེད།

        གནས་ཚུལ་ལ་བརྟག་ན་འཕྲུལ་ཆས་ལ་བརྟེན་བཞིན་པ་ནི་གཙོ་བོ་གཞོན་སྐྱེས་ཀྱི་སྡེ་ཡིན་ཏེ། ལྷག་པར་དུ་ཐེངས་འདིའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་བྱས་ཡོད་པའི་ལས་བྱེད་པ་དང་སློབ་མ། ཞོར་ལས་པ་ཡིན་པ་འདྲ། དེ་ཡང་སོག་རྫོག་པ་ནི་མཐོ་སྒང་གི་ཞིང་ལས་རིག་གནས་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། གཙོ་བོ་ལོ་རྗེས་མར་ལོ་ལེགས་འབྱུང་བར་ཕན་ནུས་ཆེན་པོ་ལྡན་པ་རེད། དེ་ནི་ཞིང་རྨོ་བའི་སྐབས་སུ་སོག་མ་ཐམས་ཅད་ས་འོག་ཏུ་བཅུག་ཅིང་། དུས་ཡུན་རིང་བོ་འགོར་རྗེས་སོག་མ་ས་འོག་ནས་རུལ་ཏེ་ལུད་རྫས་སུ་འགྱུར་བ་དང། ཞིང་ས་སོབ་སོབ་དང་ས་རྒྱུ་ཕན་ཚུན་བསྲེས་ནས་ཞིང་སའི་ས་གཤིས་ཇེ་ལེགས་སུ་འགྲོ་བ་བཅས་ལ་ཕན་པ་ཆེན་པོ་ལྡན་ཏེ།  ལོ་རྗེས་མར་ལོ་ལེགས་འབྱུང་མིན་གྱི་གནད་འགག་གི་ནུས་པ་ཐོན་བཞིན་ཡོད། འདི་ལྟ་བུའི་དེང་རབས་ཚན་རིག་དང་མཐུན་པའི་སྲོལ་རྒྱུན་གྱི་ཞིང་ལས་རིག་གནས་ལས་ཡང་བོད་ཀྱི་གནའ་བོའི་ཞིང་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ས་མཐོའི་ཞིང་བ་མང་ཚོགས་ཀྱི་བློ་རིག་མཚོན་ཐུབ་བོ།།