དབུ་ཤོག >> ས་གནས་གསར་འགྱུར།
བདེ་ཆེན་དམངས་ཁྲོད་སྒྱུ་རྩལ་པས་མེས་རྒྱལ་གྱི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ།
རྩོམ་པ་པོ། རིན་ཆེན་ཚེ་རིང་། དུས་ཚོད། 2018-10-04 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


པི་ཝང་གླུ་གར་འཁྲབ་བཞིན་པ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10བའི་ཚེས་2ཉིན། སེམས་ཀྱི་ཉི་ཟླའི་ཉི་མ་སེར་པོའི་ཐང་ཆེན་ན་བདེ་ཆེན་དམངས་ཁྲོད་སྒྱུ་རྩལ་པས་བདེ་ཆེན་གདོད་མའི་པི་ཝང་གླུ་གར་འཁྲབ་སྟོན་བྱས་བཞིན་ཡོད་ལ། སྙན་འཇེབས་ཀྱི་པི་ཝང་གི་དབྱངས་རྟ་དང་ཉམས་འགྱུར་གྱིས་ཕྱུག་པའི་གར་གྱི་སྟངས་སྟབས་ཀྱིས་ལམ་འགྲོ་བ་དང་ཡུལ་སྐོར་བ་མང་བོ་བཀུག་ནས་གནས་འདིར་འདུས་ཤིང་། མཉལ་དུ་གདོད་མའི་གླུ་གར་གྱི་རྒྱས་སྟོན་ལ་རོལ་བ་རེད།

པི་ཝང་གླུ་གར་ལ་དགའ་མོས་ཡོད་པའི་གཞོན་སྐྱེས་དག་གིས་གླུ་ཚིག་དང་གར་གྱི་འཁྲབ་སྟངས་སློབ་སྦྱོང་བྱེད་བཞིན་པ།

        རྒྱུས་ལོན་བྱུང་ལྟར་ན། བདེ་ཆེན་གདོད་མའི་པི་ཝང་གླུ་གར་རྒྱུན་འཛིན་ཚོགས་པ་ནི་བདེ་ཆེན་རིག་གནས་ཅུས་དང་བདེ་ཆེན་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་གཉིས་ཀྱིས་དམངས་ཁྲོད་པི་ཝང་གླུ་གར་ལ་དགའ་མོས་ཡོད་པའི་སྒྱུ་རྩལ་བ་ལོ་ལོན་དག་རྩ་འཛུགས་བྱས་ནས་བཙུགས་པ་ཞིག་ཡིན་ལ། སྒྱུ་རྩལ་བའི་ཁྲོད་ན་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་པ་དང་ཚོང་བ། ཞིང་བ་སོགས་ལས་རིགས་སྣ་ཚོགས་ཀྱི་མི་སྣ་ཡོད། དེའི་ཁྲོད་ལོ་ཆེས་ཆེའི་སྒྱུ་རྩལ་བ་ལོ་བདུན་ཅུ་ལྷག་ཡིན་པ་རེད། འདི་འདྲའི་ཚོགས་པ་ཞིག་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བདེ་ཆེན་གྱི་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཆེད་ལས་མ་འདས་ཏེ། ཉིན་དེར་དམངས་ཁྲོད་སྒྱུ་རྩལ་བའི་སྟར་འཕྲེང་བར་ན་ཡང་པི་ཝང་གླུ་གར་ལ་དགའ་མོས་ཡོད་པའི་གཞོན་སྐྱེས་འགའ་རེ་མཐོང་ཐུབ་ལ། ཁོ་ཚོས་ནན་ཏན་གྱིས་རྒན་རབས་པ་དག་གི་རྗེས་དེད་ནས་གླུ་ཚིག་དང་གར་གྱི་འཁྲབ་སྟངས་སློབ་སྦྱོང་བྱེད་བཞིན་ཡོད་དེ།མིང་དོན་མཚུངས་པའི་རིག་གནས་རྒྱུན་འཛིན་གྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད་པ་རེད།

        ཐེངས་འདིའི་འཁྲབ་སྟོན་ལ་བོད་ཀྱི་པི་ཝང་གླུ་གར་ཁོ་ན་མ་ཡིན་པར་འཇང་རིགས་ཀྱི་ཞབས་བྲོ་ཡང་འཁྲབ་སྟོན་བྱས་པས་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། 

སྒྱུ་རྩལ་ཚོགས་པའི་ཚོགས་མི་གཡང་སྒྲོན་གྱིས་སྤྱིར་གདོད་མའི་པི་ཝང་གླུ་གར་ནི་ཟླ་བདུན་པ་ནས་བཟུང་ཟླ་རེའི་ཚེས་པ་5དང་ཚེས་པ་15། ཚེས་པ་25བཅས་ཀྱི་ཕྱི་དྲོའི་དུས་ཚོད་7:30ནས་9:30བར་འཁྲབ་སྟོན་བྱེད་བཞིན་ཡོད་མོད། དེ་རིང་ནི་རྒྱལ་སྟོན་དུས་ཆེན་གྱི་ཉིན་གཉིས་པ་ཡིན་པས་འཁྲབ་སྟོན་འདི་ཆེད་དུ་མེས་རྒྱལ་དགུང་ལོ་69བཞེས་པའི་འཁྲུངས་སྐར་ལ་ཕུལ་བ་ཡིན་ཞེས་ཟེར་བ་རེད།

ཡུལ་དངོས་ཀྱི་ལྟད་མོ་བ།