བོད་ཀྱི་གླུ་བ་གཉིས་ཉའོ་ཁྲའོ་ནས་གླུ་གཞས་འགྲན་བསྡུར་བྱེད་རྒྱུ།

རྩོམ་པ་པོ།   པད་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2018ལོའི་ཟླ9པའི་ཚེས30ཉིན་གྱི་དགོང་མོར་བོད་ཀྱི་གླུ་བ་བསྟན་འཛིན་ཉི་མས་ཨང་དང་པོའི་སྐར་འབྲས་ཀྱིས་2018ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་རྒྱལ་ཡོངས་ཀྱི་ཨང་ལྔ་བའི་ནང་ཚུད་དེ་པེ་ཅིང་ཉའོ་ཁྲོའོ་ནས་རྟིང་རྩོད་འགྲན་བསྡུར་དུ་ཞུགས་རྒྱུའི་གོ་སྐབས་ལྡན་པ་རེད།

        ཕ་ཡུལ་མཚོ་སྔོན་རེབ་གོང་ནས་ནས་ཡིན་པའི་གླུ་བ་བསྟན་འཛིན་ཉི་མས་2018ལོའི་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་གླུ་གཞས་འགྲན་བསྡུར་དུ་ཞུགས།ཟླ7པ་ནས་འགྲན་བསྡུར་བྱས་པ་བརྒྱུད།ཁོང་གི་གླུ་སྐད་སྙན་མོར་རྒྱ་ཆེའི་ལྟད་མོ་བའི་དགའ་བསུ་ཐོབ་པ་མ་ཟད།རོལ་མོ་ཆེད་མཁས་པའི་གདེང་འཇོག་ཡང་ཚད་མེད་ཐོབ་པ་རེད།

        ཁོང་ཉིད་གླུ་བ་གྲགས་ཅན་ལིའི་ཅན་དགེ་རྒན་གྱི་སློབ་མ་གཅིག་པུ་བྱས་ནས་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་དང་།མཐར་98.3ཡི་སྐར་འབྲས་བཟང་པོས་ཐེངས་འདིའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པས།2018ལོའི་ཟླ10པའི་ཚེས་7ཉིན་གྱི་དགོང་མོར་པེ་ཅིང་ཉའོ་ཁྲའོ་རུ་2018ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་རྟིང་རྩོད་འགྲན་བསྡུར་དུ་ཞུགས་རྒྱུ་རེད།

        གཞན་དགའ་འོས་པ་ཞིག་གི་ཐེངས་འདིའི་ཀྲུང་གོའི་གླུ་སྐད་སྙན་མོའི་འགྲན་བསྡུར་ནང་བོད་ཀྱི་གླུ་བ་འབྲུག་བྱམས་ཚེ་རིང་ཡང་རྒྱལ་ཡོངས་ཀྱི་ཨང་ལྔ་བའི་མིང་རིམ་ནང་ཚུད་པས་ཉའོ་ཁྲའོ་རུ་རྟིང་རྩོད་འགྲན་བསྡུར་དུ་ཞུགས་རྒྱུ་རེད།

        ང་ཚོས་ཁོང་རྣམ་གཉིས་ཀྱིས་རྟིང་རྩོད་འགྲན་བསྡུར་དུ་སྐར་འབྲས་བཟང་པོ་ལེན་པར་བཀྲ་ཤིས་སྨོན་འདུན་ཞུ།