རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

ཟླ9པའི་ཚེས30ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་དང་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས།

          ཟླ9པའི་ཚེས30ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་སྟོང་གཅིག་དང་ཉིས་བརྒྱ་ལྷག་དང་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས།

         མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་། དགའ་སྤྲོས་ཀུན་ནས་བརྟས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ་རྔམ་བརྗིད་ལྡན་པའི་རྒྱལ་རྟགས་བཀལ་ཡོད་ལ། 1949ལོ་ནས2018ལོ་ཞེས་པའི་ཡིག་འབྲིའི་ལོགས་སུ་བཀྲག་མདངས་འཚེར་བའི་དར་དམར་གྱིས་བརྒྱན་ཡོད།

         དུས་ཚོད་བཅུ་བདུན་དང་ཕྱེད་ཀའི་སྟེང་། མགྲོན་བསུའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གསོལ་སྟོན་ཚོམས་ཁང་དུ་ཕེབས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

         སྣེ་ལེན་ཚོགས་འདུ་འགོ་བརྩམས་མ་ཐག དམག་དཔུང་རམ་དཀྲོལ་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས་དཀྲོལ་བ་དང་། ཚོགས་རའི་མི་ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཤིས་ཚིག་ཕུལ། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དང་ཨོ་མིན་སྤུན་ཟླ་དང་། ཐེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མོ་བཅས་ལ་བརྩེ་བའི་འཚམས་འདྲི་གནང་ལ། ཀྲུང་གོའི་འཛུགས་སྐྲུན་འཕེལ་རྒྱས་དང་བཅོས་སྒྱུར་སྒོ་འབྱེད་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

         ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་གསར་པའི་རླབས་ཆེ་ཉམས་བརྗིད་ཀྱི་ལོ་རྒྱུས་འཕེལ་རིམ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་ནས་མཐུན་སྒྲིལ་འབད་འཐབ་བྱས་པ་དང་། རྒྱལ་ཁབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་རླབས་ཆེའི་ལོ་རྒྱུས་ཡིན། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་གི་འགྲན་རྩོད་གསར་པར་བརྟན་བརླིང་སྒོས་ཁ་གཏད་འཇལ་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཀྲུང་གོ་རང་གི་དོན་དག་བཟང་པོར་བསྒྲུབས་ལ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་བ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ཉེན་ཁ་དང་བར་ཆད་སེལ་བས། ཐོན་ལས་སྒྲིག་གཞི་རིམ་སྤོར་གྱི་གནས་བབ་བཟང་པོ་མངོན་ཡོད། རང་འགུལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པར་གོམ་སྟབས་སྔར་ལས་ཆེན་པོ་སྤོས་ནས། ཕྱི་ཕྱོགས་འབྲེལ་བ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད། དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་སྒོས་བདེ་འཇགས་གཏན་འཇགས་སུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལས་དོན་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད་ཟེར།

         ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། བཅོས་སྒྱུར་ནི་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན་ལ། འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་པའི་རྨང་གཞི་དང་གནད་འགག་ཡིན་པས། འགྱུར་ལྡོག་ཅི་འདྲ་བྱུང་རུང་ང་ཚོས་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་ཆོད་སེམས་གཏན་ནས་བསྒྱུར་མི་ཐུབ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཞེས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་འདི་ལ་རྐང་བཙུགས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས་ཟེར།

         ལིས་ཁི་ཆང་གིས་གསུངས་རྒྱུར། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་བས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་དང་ཕྱོགས་ཡོངས་ནས། ཡང་དག་པར་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་ནན་སྒྲུབ་བྱེད་པ་དང་། ཞང་ཀང་དང་ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀོང་ཏུང་ཞང་ཀང་ཨོ་མིན་ཁུག་ཁུལ་ཆེན་མོའི་འཛུགས་སྐྲུན་དེ་གོ་སྐབས་སུ་བརྩིས་ནས། ནང་ལོགས་དང་ཞང་ཀང་ཨོ་མིན་ས་ཁུལ་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཞང་ཀང་དང་ཨོ་མིན་མེས་རྒྱལ་དང་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བར་བྱེད་རྒྱུ་ཡིན། ཐེ་ཝན་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་དགུ་གཉིས་ཐུན་མོང་ལྟ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

         ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། རླབས་ཆེ་བའི་ལས་དོན་ལ་ཀྲུང་གོ་མི་དམངས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ་དཀའ་ངལ་ཁྱད་སེལ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏན་ཏན་ཏིག་ཏིག་དང་གསར་སྤེལ་གསར་གཏོད་བྱས་ནས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྣེ་ལེན་ཚོགས་འདུར་ཞུགས།