དབུ་ཤོག >> སྐབས་དོན་གསར་འགྱུར།
རང་ཁུལ་གྱི་ལྗོངས་ཁུལ་གཙོ་གནད་འགའ་ཡོངས་ཁྱབ་ནས་གོང་གཅོག་རྒྱུ་རེད།
རྩོམ་པ་པོ། དུས་ཚོད། 2018-09-27 རྩོམ་ཁུངས།

        རྒྱལ་སྟོན་དུས་ཆེན་སླེབས་ཉེ་བའི་སྐབས་སུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2018ལོའི་སྲིད་གཞུང་ལས་དོན་གྱི་སྙན་ཞུ་ཁྲོད་ཀྱི་རྒྱལ་ཁབ་ལ་དབང་བའི་ཡུལ་སྐོར་ལྗོངས་ཁུལ་གཙོ་གནད་ཀྱི་སྒོ་འཛིན་རིན་གོང་གཅོག་པ་དང་།   ཡུལ་སྐོར་བའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བླང་བྱ་དང་།    རང་ཞིང་ཆེན་གྱིས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་གཏོང་བའི་འབྲེལ་ཡོད་ཡིག་ཆའི་བླང་བྱ་དོན་དུ་འཁྱོལ་བའི་ཆེད་དུ།  ཉེ་སྔོན།  བདེ་ཆེན་ཁུལ་དར་འཕེལ་བསྒྱུར་བཅོས་ཨུ་ལྷན་གྱིས་རང་ཁུལ་གྱི་ལྗོངས་ཁུལ་གཙོ་གནད་ཀྱི་སྒོ་འཛིན་རིན་གོང་གཅོག་པའི་བརྡ་ཐོ་གཏོང་སྟེ།  ད་ལོའི་ཟླ་10པའི་ཚེས་1ཉིན་ནས་བཟུང་།  ཁུལ་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཀྱིས་འཛུགས་སྐྲུན་བྱེད་པའི་ལྗོངས་ཁུལ་གཙོ་གནད་དག་གིས་ད་ཡོད་ཀྱི་སྒོ་འཛིན་རིན་གོང་ལས་ཕལ་ཆེར་30%གཅོག་རྒྱུ་ཡིན་པ་དང་།   རྒྱ་ཆེ་བའི་ཡུལ་སྐོར་བ་རྣམས་ལ་བདེ་ཆེན་སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་མྱོང་དུ་བཅུག་རྒྱུ་ཡིན།

        རང་ཁུལ་གྱི་མིག་སྔའི་5Aརིམ་པའི་ལྗོངས་ཁུལ་གཅིག་པུར་བྱས་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་འཛིན་རིན་གོང་ནི་ཡུན་ནན་ཞིང་ཆེན་ཟོག་གོང་ཅུས་ཀྱིས་ཐད་ཀར་འགན་ཁུར་བ་དང་།   ཡུན་ནན་ཞིང་ཆེན་ཟོག་གོང་ཅུས་ཀྱིས་ད་ལོའི་ཟླ10པའི་ཚེས་1ཉིན་ནས་བཟུང་པོ་ཏ་མཚོའི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་138ནས་མི་རེར་སྒོར་100རུ་གཅོག་རྒྱུ་ཡིན་པ་དང་།  ལྗོངས་ཁུལ་ནང་གི་ལྟ་སྐོར་རླངས་འཁོར་གྱི་རིན་གོང་ནི་མི་རེར་སྒོར་120ནས་མི་རེར་སྒོར་80རུ་གཅོག་རྒྱུ་ཡིན།

        བདེ་ཆེན་ཁུལ་ནང་གི་4Aརིམ་པ་དང་དེའི་ཡན་གྱི་Aརིམ་པའི་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་ཁུལ་ཟོག་གོང་ཅུས་ཀྱི་བླང་བྱ་ལྟར་སོ་སོ་ཚད་མི་འདྲ་བར་གཅོག་རྒྱུ་ཡིན།  དེའི་ཁྲོད་དུ་སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་སྒོ་འཛིན་ནི་ད་ཡོད་ཀྱི་མི་རེར་སྒོར་65ནས་མི་རེར་སྒོར་45རུ་གཅོག་རྒྱུ་ཡིན་པ་དང་།   འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་150ནས་མི་རེར་སྒོར110རུ་གཅོག་རྒྱུ་ཡིན།   སུམ་རྩེན་གླིང་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་80ནས་མི་རེར་སྒོར་55རུ་གཅོག་རྒྱུ་ཡིན་པ་དང་།   ཤར་ཁ་རི་བོ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་40ནས་མི་རེར་སྒོར་30རུ་གཅོག་རྒྱུ་ཡིན།   ཁ་བ་དཀར་པོ་རྒྱལ་ཁབ་སྤྱི་གླིང་གི་ལྗོངས་ཁུལ་ལྔ་ཡང་སོ་སོར་གོང་གཅོག་རྒྱུ་ཡིན་ཏེ། མེ་ལོང་འཁྱགས་རོམ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་78ནས་མི་རེར་སྒོར་55རུ་གཅོག་རྒྱུ་ཡིན་པ་དང་།  གླེགས་བམ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་80་ནས་མི་རེར་སྒོར་55རུ་གཅོག་རྒྱུ་ཡིན།  དགོན་པ་སྟེང་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་60ནས་མི་རེར་སྒོར་40རུ་གཅོག་རྒྱུ་ཡིན་པ་དང་།   དབུ་ནུབ་སྟེང་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་60ནས་མི་རེར་སྒོར་40རུ་གཅོག་རྒྱུ་ཡིན།   འབྲི་ཆུའི་སྐོར་བ་ཆེན་མོ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་30ནས་མི་རེར་སྒོར་20རུ་གཅོག་རྒྱུ་ཡིན་པ་དང་།  སེམས་ཀྱི་ཉི་ཟླའི་རི་མཐོ་རྩི་ཤིང་ར་བའི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་30ནས་མི་རེར་སྒོར་20རུ་གཅོག་རྒྱུ་ཡིན།  ཅེ་ཏ་མུའུ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་60ནས་མི་རེར་སྒོར་40རུ་གཅོག་རྒྱུ་ཡིན་པ་དང་།  ཡང་ཐང་ཆུ་བོའི་ལྗོངས་ཁུལ་དང་རྡོ་ཟམ་ཚ་ནུས་སྐྱེ་ཁམས་སྤྱི་གླིང་གི་སྒོ་འཛིན་རིན་གོང་ནི་མི་རེར་སྒོར་20ནས་མི་རེར་སྒོར་15རུ་གཅོག་རྒྱུ་ཡིན་པ་རེད།