གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོའི་དེབ་གསར«དཔའ་བོ་གེ་སར»གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2018-09-19   རྩོམ་ཁུངས།    མཚོ་སྔོན་བོད་རིགས་དྲ་བ།

        ཟླ༩པའི་ཚེས༡༥ཉིན།རྩོམ་པ་པོ་དཔེ་སྐྲུན་ཁང་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་སོགས་ཀྱིས་གཙོ་སྒྲུབ་དང་།མགོ་ལོག་ཧི་མ་ལ་ཡ་བོད་སྨན་གསོ་རིག་ཞིབ་འཇུག་སློབ་ཚོགས་སོགས་ཀྱིས་འགན་སྒྲུབ་གནང་བའི་གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོའི་དེབ་གསར«དཔའ་བོ་གེ་སར»གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་གི་མགོ་ལོག་མགྲོན་ཁང་ཆེན་མོ་ནས་འཚོགས།ཐེངས་འདིའི་རིག་གཞུང་བགྲོ་གླེང་སྟེང་པེ་ཅིན་དང་། བོད་ལྗོངས། ཟི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ནས་ཕེབས་པའི་གེ་སར་ཞིབ་འཇུག་གི་ཆེད་མཁས་པ་དང་། སྒྲུང་པ། ཤེས་ཡོན་པ། ཞིབ་འཇུག་སློབ་མ་སོགས་མི60ལྷག་ཞུགས་པ་རེད།

        «དཔའ་བོ་གེ་སར»ཞེས་པའི་དཔེ་དེབ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ། འབུམ་རམས་སློབ་མའི་སློབ་དཔོན།གེ་སར་རིག་གཞུང་ཚན་ཁག་གི་སྣེ་འཁྲིད་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པ་རེད།


        རྒྱུས་ལོན་པ་ལྟར་ན། «དཔའ་བོ་གེ་སར»ཞེས་པའི་དཔེ་དེབ་ལ་ཡིག་འབྲུ་ཁྱོན་ཁྲི༡༥༠ཡོད་ཅིང་། རྩོམ་པ་པོས་གཙོ་སྒྲིག་བྱས་པའི་སྒྲུང་དཔེ༤༠ དཔེ་དེབ༥༡  ཡིག་འབྲུ་ཁྲི༢༠༠༠ཡོད་པའི་བོད་ཡིག་པར་གཞིའི«གླིང་སྒྲུང་» གཅེས་བཏུས་གཞི་བྱས་ཡོད་པ་དང་།ད་དུང་དམངས་ཁྲོད་ཀྱི་སྒྲུང་པ་གྲགས་ཅན་གྲགས་པ་དང་བསམ་འགྲུབ་ཀྱི་གཏམ་བཤད་ཀྱང་དཔྱད་གཞིར་བཟུང་ཡོད་ཅིང་།  «དཔའ་བོ་གེ་སར»ནི་རྩོམ་པ་པོས་ལོ་ངོ་༤༠རིང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཡིན་ཞིང་། དེ་ལ་ཆབ་སྲིད་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་། དེ་བཞིན་དུ་སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།