གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་བའི་དགོང་ཚོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-18   རྩོམ་ཁུངས།    མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག


        ཟླ་9ཚེས16ཉིན་གྱི་ཕྱི་དྲོར།གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་།དགོང་ཚོགས་སྟེང་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སྙན་སྒྲོན་པ་རྣམས་ཀྱིས་གསལ་དག་སྙན་གསུམ་ཚང་བའི་ངག་གི་འགྱུར་ཁུག་དང་ལུས་ཀྱི་ཉམས་འགྱུར་གྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་།དེ་མིན་སྐབས་འདིའི་འགྲན་ཚོགས་སྟེང་བྱ་དགའ་ཐོབ་པའི་འགྲན་ཞུགས་སློབ་མ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་གྱེར་བྱའི་སྙན་ངག་སྙན་འཇེབས་ལྡན་པའི་སྐད་ངག་ལ་དྲངས་ཏེ།ལྟད་མོ་བ་ཀུན་གྱི་སྙན་ལམ་དུ་བསྒྲོན་ཞིང་མིག་ལམ་དུ་བསྟར་བས། དགོང་ཚོགས་ལ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།

        ཐེངས་འདིའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ལ་མཚོན་ན། 2015ལོ་ནས2017ལོའི་བར་གྱི་《གངས་རྒྱན་མེ་ཏོག་》དེབ་བཅུ་གཉིས་པོའི་སྟེང་གི་བརྩམས་ཆོས་རྣམས་དཔྱད་འདེམས་པ་དག་གིས་དཔྱད་བསྡུར་གཏིང་ཟབ་བྱས་པ་བརྒྱུད།བརྩམས་ཆོས་དྲུག་གཏན་ལ་ཕབ་སྟེ་བྱ་དགའ་གནང་བ་ཡིན།

        དགོང་ཚོགས་སྟེང་སྨན་བླ་སྐྱབས་ཀྱིས་བྲིས་པའི་《ལྷ་སའི་སྙན་ངག་》ཅེས་པ་ལ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི་དཔྱད་འདེམས་ཚོགས་པའི་དམིགས་བསལ་གཟེངས་རྟགས་ཀྱི་བྱ་དགའ་གནང་ཞིང་། ཕག་མོ་དོན་གྲུབ་ཀྱིས་བྲིས་པའི་(གཅན་ཆེད་འབར)《སྙན་ངག<སེང་གེ>ཡི་དཔྱད་བརྗོད་དང་གཞན་དག》ཅེས་པའི་སྙན་ངག་དཔྱད་བརྗོད་དང་གཡང་འབུམ་ཚེ་རིང་གིས(གཡུ་སྲས)བྲིས་པའི་《སྙན་ཚོམ་ལྷ་སའི་བག་ཆགས་》ཞེས་པ། མགོན་པོ་ཚེ་རིང་གིས(ཉྭ་སྲིན་པོ)བྲིས་པའི་རང་མོས་སྙན་ངག་《ཁྱེད་མཚོན་བྱེད་དུ་》(ཞར་བཀོད་བཞི)ཞེས་པ། སྤེན་པ་དོན་གྲུབ་ཀྱིས་བྲིས་པའི་རང་མོས་སྙན་ངག་《རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ་》(ཞར་བཀོད་གཅིག)ཞེས་པ། དབྱངས་འབུམ་ཚེ་རིང་གིས་བྲིས་པའི་ཚིགས་བཅད་སྙན་ངག་《གཏེར་ལེན་ཁའི་རབ་བྱེད་》བཅས་ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་གནང་།གཞན་ད་དུང་ན་གཞོན་སྙན་ངག་པ་ཁྲི་སེམས་དཔའ་དང་ཐོ་རེངས་གཉིས་ལ་ཐེངས་འདིའི་གངས་རྒྱན་མེ་ཏོག་རྟགས་མའི་གདན་ཞུའི་རྩོམ་སྒྲིག་པའི་བྱ་དགའ་གནང་།

         དེ་མིན་གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པའི་སྟེང་བྱ་དགའ་ཐོབ་པའི་འགྲན་ཞུགས་སློབ་གྲོགས་རྣམས་ཏེ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་སྒྲོལ་མ་ལྷ་མོ་ལ་ཨང་དང་པོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ལྷ་མོ་དབྱངས་ཅན་དང་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་པདྨ་བདེ་སྐྱིད་གཉིས་ལ་ཨང་གཉིས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་རྒྱ་མཚོ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་དབྱངས་ཅན་ལྷ་མོ། བོད་ལྗོངས་སློབ་ཆེན་གྱི་སློབ་གྲོགས་བློ་བཟང་ཚེ་རིང་གསུམ་ལ་ཨང་གསུམ་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཆོལ་གསུམ་སྨྲ་ངག་ཚན་སྡེབ(ཨོ་རྒྱན་སྒྲོལ་མ། བཀྲ་ཤིས་དགེ་ལེགས། ཚེ་རིང་དཔལ་མོ)དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཚེ་བརྟན་རྒྱལ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་དྭངས་གསལ་ལྷ་མོ། སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་མགོན་དཀར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཡུམ་སྐྱབས་རྒྱལ། རྔ་བ་དགེ་ཐོན་སློབ་གླིང་གི་སློབ་གྲོགས་དྲི་མེད་ཡེ་ཤེས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་ཕུན་ཚོགས་རྒྱ་མཚོ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།