དབུ་ཤོག >> 香格里拉藏文网
མཁྲིས་པའི་རྡོ་སྐྲན་གྱི་སྔོན་འགོག
རྩོམ་པ་པོ། དུས་ཚོད། 2018-09-17 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

        མཁྲིས་པའི་རྡོ་སྐྲན་ཞེས་པ་ནི་ནད་ཀྱི་དྭངས་མ་མ་ཞུ་བར་སྣོད་མཁྲིས་སུ་སྙིགས་རོ་བབས་ཏེ།དེར་མཁྲིས་པར་རྩི་ཆགས་ནས་རིམ་བཞིན་ཆེར་རྒྱས་པའི་ནད་ཅིག་རེད།དེལ་ཕོ་བའི་མེ་དྲོད་ལ་གནོད་པའི་ཟས་དང་སྤྱོད་ལམ།སྨན་ལོག་གིས་ཟས་ཀྱི་དྭངས་མ་མ་ཞུ་བ་གང་རུང་དང་བད་ཀན་ཁྲག་མཁྲིས་རླུང་སྲིན་ཆུ་སེར་བཅས་མཁྲིས་པ་དང་མཁྲིས་སྦུབས་ཀྱི་རྩ་ལམ།མཆིན་པའི་རྩ་ལམ་ལ་མཁྲིས་ཁུ་ཅན་དང་།ཚིལ་ཞགའབྱར་བག་ཅན་གྱི་མཁྲིས་ཁུ་སོགས་རྡོ་ལ་ཆུ་དྲེགས་ཆགས་པ་ལྟར་རིམ་གྱིས་གོང་བུར་འདྲིལ་བ་ལ་མཁྲིས་པའི་རྡོ་སྐྲན་ཟེར་བ་ཡིན།

        ནད་རྟགས་ལ་རྡོ་སྐྲན་དེ་སྣོད་ཀྱི་མཁྲིས་པ་དང་མཁྲིས་སྦུབས་ཀྱི་རྩ་ལམ་དུ་གནས་པའི་རྟགས་ལ་དུས་སྔ་མ་དང་། བར་མ། ཕྱི་མ་གསུམ་དུ་དབྱེ་ཆོག་ལ་དུས་སྔ་མའི་རྟགས་ནི་ནད་གཞི་ཅུང་ཟད་ཡང་བ་ཞིག་རེད།ཡིན་ནའང་གསུས་པའི་གཡས་གཡོན་སྟོད་ན་བ་དང་ཟུག་གཟེར་ལངས་པ།ལྷག་པར་དུ་གསུས་པ་སྦོས་པ་དང་མདུན་རྒྱབ་གཟེར་བ།རྡེའུ་དེ་མཁྲིས་སྦུབས་དང་མཁྲིས་པའི་རྩ་ལམ་དུ་ཤོར་ནས་འགགས་ན་དེའི་རྟགས་ནི་མཁྲིས་པའི་གཉན་ཚད་ནད་དང་འདྲ་ལ།མཁྲིས་སྟེང་ལ་མནན་ན་ཟུག་གཟེར་ཡོད་པ་ཞིག་རེད།སྐབས་འགར་གསུས་པའི་གཡས་སྟོད་མི་བདེ་བ་དང་ཚ་བ་རྒྱག་པ་དང་གརྔ་ཤུམ་བྱེད་པ་བཅས་རེད།

        དུས་བར་མའི་རྟགས་ལ་མཁྲིས་མིག་སེར་བོར་གྱུར་པ་དང་།ཞེན་པ་ལོག་པ་སྐྱུགས་མེར་ལངས་པ།དྲི་ཆེན་གྱི་མདོག་དཀར་སྐྱར་འགྱུར་བ།ཕྲག་གཡས་དང་སོག་པའི་མེ་ལོང་ལྷག་པར་ན་བ་ཡིན།བུད་མེད་ལྟ་བུ་ལ་ཁྱད་པར་དུ་སྙིང་མི་བདེ་བ་དང་།དང་ག་འགགས་པའམ་ཟས་ཟོས་པ་ཙམ་གྱིས་འགྲང་བར་སྣང་བ་དང་ལུས་ཤེད་ཉམས་པ།ཤ་མདོག་ཀྱང་སྔོ་ལ་སྐམ་པ།ཁམས་མི་བདེ་བ།སྐབས་འགར་རྡོ་སྐྲན་ཆེ་རུ་སོང་བ་དང་།མཁྲིས་པར་གཉན་ཚད་རྒྱས་པའི་དབང་གིས་མཁྲིས་པ་ཆེ་རུ་སོང་ནས་ལག་པས་རེག་ཐུབ་པའང་ཡོད།

        དུས་མཐའ་མར་གོང་གསལ་གྱི་ནད་རྟགས་ལས་གཞན་སྐབས་འགར་ལུས་པོར་ཟ་འཕྲུག་ཆེན་པོ་ལངས་པ་དང་།གསུས་སྟོད་དུ་བཟོད་མི་ཐུབ་པའི་ན་ཟུག་ཡོད་པ།མཁྲིས་ཁུའི་ནང་དུ་རྡོ་མང་བ་དང་།མཁྲིས་པ་ཆེ་བའི་རྐྱེན་གྱིས་མཁྲིས་ཁུ་བཞུར་བ་ཕན་ཚུན་འབྱར་བའི་སྐབས་དེར།མཁྲིས་སྟེང་གི་ན་ཟུག་སྔར་ལས་ཆེ་བ་དང་ཆུ་མདོག་དམར་སྨུག་འབྱུང་བ།མཁྲིས་པར་གཉན་ཚད་རྒྱས་པ།ཚ་བ་ཆེ་རུ་འགྱུར་བ།ཐ་ན་རྣགག་གསོག་ཅན་གྱི་མཁྲིས་སྐྱིའི་གཉན་ཚད་ཡང་འབྱུང་།དེ་ལྟབུ་ལ་གཤགས་བཅོས་བྱ་རྒྱུ་ལས་ཐབས་གཞན་མ་མཐོང་ལ།དེ་ལས་ཀྱང་མཁྲིས་པའི་རྩ་སྦུབས་སུ་རྡོ་སྐྲན་ཆགས་པ་དང་།རྩ་ལམ་ཕྲ་མོ་རྣམས་སུ་རྡེའུས་ཁྱབ་པར་གྱུར་ཡོད་པའི་ནད་པའི་མཆིན་གསེབ་ཀྱི་རྩ་ལམ་རྣམས་འགགས་ནས་མཁྲིས་ཁུ་རྒྱུ་བའི་ལམ་ཆད།དེའི་དབང་གིས་མཁྲིས་པ་ཆེ་རུ་འགྱུར་བ་དང་མཁྲིས་རྩ་སོ་སོར་རྣག་གསོག་རང་བཞིན་གྱིས་མཁྲིས་པའི་ནད་ཚབས་ཆེན་དུ་གྱུར་ནས་གཤགས་བཅོས་བྱས་ཀྱང་ཕན་པ་ཆུང་བ་དང་།བཅོས་སྐྱོན་མེད་པ་མན་ངག་རྒྱུན་ལས། སྣོ ད་ཀྱི་མཁྲིས་སྐྲན་ཚེ་རབས་ལས་ནད་ཡིན། ཞེས་གསུངས་པ་ལྟར་བཅོས་དཀའ་བར་འགྱུར།