དབུ་ཤོག >> བོད་ཁུལ་གསར་འགྱུར།
《གངས་རྒྱན་མེ་ཏོག》ལ“མཚོ་སྔོན་གྱི་ཆེས་མཛེས་པའི་དུས་དེབ”ཀྱི་མཚན་སྙན་ཐོབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-09-07 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།


        དུས་དེབ་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་དང་དུས་དེབ་ཀྱི་སྤུས་ཀ་ལེགས་བསྒྱུར་ལ་སྐུལ་འདེད་བྱ་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱིས་ཆེད་མཁས་པ་གདན་ཞུ་བྱས་ནས་དུས་དེབ་པར་སྐྲུན་ལས་ཁུངས་རང་ངོས་ནས་སྙན་ཞུ་དང་། གཙོ་འགན་དོ་དམ་ལས་ཁུངས་ཀྱིས་ངོ་སྦྱོར་བྱས་པའི་དུས་དེབ་དག་གི་ཕྱི་ཤོག་མཛེས་རིས་དང་པར་གཞི་ཇུས་འགོད། རྩོམ་སྒྲིག་ཞུ་དག་དང་དཔར་ཤོག་སྤུས་ཀ་སོགས་ལ་ཁྱོན་ཡོངས་ནས་ནན་ཏན་གྱིས་ཞིབ་བཤེར་དང་དཔྱད་བསྡུར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དུས་དེབ་རྩོམ་སྒྲིག་ཞུ་དག་གི་ཞིབ་བཤེར་འབྲས་བུ་དང་སྦྲགས་ཏེ། 《གངས་རྒྱན་མེ་ཏོག》སོགས་དུས་དེབ་བཅུ་ལ“མཚོ་སྔོན་གྱི་ཆེས་མཛེས་པའི་དུས་དེབ”ཀྱི་མཚན་སྙན་གནང་།


        《གངས་རྒྱན་མེ་ཏོག》ནི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་གིས་འགན་སྒྲུབ་བྱེད་ཀྱིན་པའི་བོད་ཡིག་གི་སྙན་ངག་དུས་དེབ་ཅིག་ཡིན་ཞིང་། 1989ལོར་གསར་དུ་བཏོན་ལ1991ལོར་ཕྱོགས་བསྡུས་རང་བཞིན་གྱི་རྩོམ་རིག་དུས་དེབ་ཀྱི་ངོས་ནས་པར་བསྐྲུན་བྱས།དུས་དེབ་ཀྱི་ཁྱད་ཆོས་འབུར་ཐོན་ཡོང་ཆེད2000ལོའི་དེབ་གསུམ་པ་ནས་བཟུང་སྙན་ངག་དུས་དེབ་ཏུ་བསྒྱུར་ཅིང་ད་ལྟ་རྒྱལ་ནང་གི་བོད་ཡིག་སྙན་ངག་དུས་དེབ་གཅིག་པུར་ཆགས་ཡོད།  དུས་དེབ་ཀྱིས་རྩོམ་སྒྲིག་དང་ཞུ་དག་གི་ལས་ཀ་གཙིགས་སུ་བཟུང་ཞིང་མཚོ་ནུབ་ནས་རྐང་བཙུགས་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རིག་གནས་གསར་པ་ནང་འདྲེན་ལ་འབད་པ་ཅི་ལྕོགས་བྱེད་ཀྱིན་ཡོད་ལ།རྐང་གླིང་དང་དུང་གི་རང་སྒྲ།སྙན་ངག་པའི་སྐད་ཆ།སྐད་ཆའི་ཕྱི་ནང་སོགས་ལེ་ཚན་གཙོ་གྲས་དག་བརྒྱུད་དེ་བོད་ཀྱི་སྲོལ་རྒྱུན་སྙན་ངག་རྒྱུན་འཛིན་དང་སྙན་ངག་གསར་བའི་འཚོལ་སྙེག་ལ་འབད་འབུངས་ཅི་ནུས་བྱས་པས་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་མི་ཉུང་བ་ཐོབ་ཁར་མཚོ་ནུབ་ཀྱི་མི་རིགས་རིག་གནས་དྲིལ་སྒྲོག་དང་།མི་རིགས་སོ་སོའི་སྒྱུ་རྩལ་གྱི་བསམ་བློ་བརྗེ་རེས་སོགས་ལ་སྐུལ་འདེད་དང་མཚོ་ནུབ་ཀྱི་བོད་ཀྱི་རིག་གནས་ལས་དོན་ལ་ལག་རྗེས་ཡག་པོ་འཇོག་མུས་སུ་མཆིས།

        གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐེངས་འདིར《གངས་རྒྱན་མེ་ཏོག》ལ“མཚོ་སྔོན་གྱི་ཆེས་མཛེས་པའི་དུས་དེབ”ཀྱི་མཚན་སྙན་ཐོབ་པ་ནི་ང་ཚོའི་བྱ་བར་རྟིང་སྐུལ་དང་སྤོབས་སེམས་བསྩལ་བ་ཡིན་པས།  ང་ཚོས་མུ་མཐུད་དུ་འབད་པ་ལྷོད་མེད་དང་གསར་གཏོད་འཚོལ་སྙེག་སྒོས་བོད་ཀྱི་རིག་གནས་དང་རྩོམ་རིག་གི་འཕེལ་རྒྱས་ཐད་ནུས་ཤུགས་གང་ཡོད་འདོན་པར་ཆོད་སེམས་བཅངས་ཡོད་ཟེར།