དབུ་ཤོག >> ས་གནས་གསར་འགྱུར།
ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ལོ་རྒྱུས། ༼༢༽
རྩོམ་པ་པོ། མི་གསལ། དུས་ཚོད། 2018-09-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 བོད་ལྗོངས་ཆབ་མདོ་ས་ཆ་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ།  ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བཅས་ས་ཆ་བཞི་ནི་ཁམས་པའི་ས་ཆ་ཟེར་བ་དང་།  ས་ཆ་དེ་ཚོ་ལ་ཐུན་མོང་གི་རིག་གནས་ཀྱི་ནང་དོན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་རེད།  ས་ཁུལ་བཞིའི་རིག་གནས་བརྗེ་རེས་དང་དཔལ་འབྱོར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རིག་གནས་ཐོན་ཁུངས་སྡེབ་སྒྲིག་བྱེད་པ།   ཁམས་པའི་རིག་གནས་སྤུས་རྟགས་དེ་རྒྱལ་སྤྱི་རང་བཞིན་གྱི་སྤུས་རྟགས་སུ་གྱུར་དུ་བཅུག་པ་དང་།  སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་པ།  ཐུན་མོང་དར་འཕེལ་གཏོང་བ་སོགས་ཀྱི་ཆེད་དུ།  ས་ཁུལ་བཞིས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྤེལ་བའི་གྲོས་མཐུན་བྱུང་།   ཐོག་མར་ལོ་བཞི་རེར་སྐབས་རེ་ཚོགས་ལ་སྐབས་བཞི་པའི་སྒྲིག་ཨུ་ཡིས་གཏན་འབེབས་བརྒྱུད་དེ་སྐབས་ལྔ་པ་ནས་འགོ་བཙུགས་ཏེ་ལོ་གཉིས་རེ་ལ་སྐབས་རེ་འཚོགས་པ་རེད། ཁུལ་དང་གྲོང་ཁྱེར་བཞི་པོའི་ཐུན་མོང་འབད་བརྩོན་ལ་བརྟེན་ནས།  རིམ་གྱིས་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་དང་མི་རིགས་སྙིང་སྟོབས་ཆེར་སྐྱེད།  མེས་རྒྱལ་ཅིག་གྱུར་སྲུང་སྐྱོང་བྱས་ཤིང་། ཁམས་ཁུལ་གྱི་དཔལ་འབྱོར་དར་འཕེལ་དང་སྤྱི་ཚོགས་འཆམ་མཐུན།  རིག་གནས་གོང་འཕེལ་སྐུལ་སྤེལ་བྱེད་པའི་འདུ་ཚོགས་གཟབ་རྒྱས་སུ་ཆགས་ཡོད།




        ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་ནི་2000ལོའི་ཟླ་10པར་བོད་ལྗོངས་ཆབ་མདོ་རུ་བསྡུས།  ཆབ་མདོ་ལ་ཡུན་རིང་གི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ལྡན་པ་དང་།  མཚོ་བོད་མཐོ་སྒང་གི་གནའ་བོའི་རིག་གནས་དར་ས་ཞིག་ཡིན་པ་དང་ཁམས་པའི་རིག་གནས་དར་ས་ཞིག་ཀྱང་ཡིན།  ཆབ་མདོར་རས་པའི་ཕ་ས་སྟེ་སྟེང་ཆེན་དང་ཤིང་བརྐོའི་ཕ་ས་སྟེ་འཇོ་མདའ།   པི་ཝང་གི་ཕ་ས་སྟེ་སྨར་ཁམས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ཚོ་མང་པོ་ཡོད་ལ།  དེ་མིན་ད་དུང་ཆོས་ལུགས་རིག་གནས་དང་སྒྱུ་རྩལ་རིག་གནས།  འཛུགས་སྐྲུན་རིག་གནས་སོགས་ཀྱི་འོད་སྟོང་འབར་བའི་རིག་གནས་སྣ་ཚོགས་ཡོད་པ་རེད།





        2004ལོའི་ཟླ་8པར་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་དུ་བསྡུས། དཀར་མཛེས་ནི་བོད་རིགས་གཙོ་བོར་བྱས་པ་དང་དབྱི་རིགས།  ཆཱང་རིགས།  ཧོའེ་རིགས།  སོག་རིགས་སོགས་ཀྱི་མི་རིགས་མང་པོ་མཉམ་དུ་སྡོད་ཡོད་ལ།  དཀར་མཛེས་སུ་མཛའ་གཞས་རིག་གནས་དང་གེ་སར་རིག་གནས།  ཤམ་བྷ་ལའི་རིག་གནས་སོགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་དང་།  དེ་མིན་དཀར་མཛེས་དང་འབའ་གཞས།  རྫ་ཆུ་ཁའི་བཙན་མདའ་སྐོར་བྲོ་སོགས་ནི་འཛམ་གླིང་ཐོག་སྐད་གྲགས་ཆེན་པོ་ཡོད། 




        ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པ་ནི་2007ལོའི་ཟླ་8པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་བསྡུས།  ཡུལ་ཤུལ་ནི་གཙང་གསུམ་གྱི་འབྱུང་གནས་ཡིན་ལ།  ས་གནས་དེ་གའི་གླུ་གར་རིག་གནས་དང་རྟ་རྒྱུག་རིག་གནས།  སྦྲ་གུར་རིག་གནས།  བཟའ་བཏུང་རིག་གནས་སོགས་ནི་བོད་ཁུལ་སྤྱིར་དམིགས་གསལ་གྱི་ཁྱད་ཆོས་ལྡན་པ་རེད།