བོད་རིགས་སློབ་གསོའི་ཁྲོད་སྨད་དུ་གྱུར་བའི་གནད་གསུམ་ནན་འཛིན་བྱ་དགོས།

རྩོམ་པ་པོ།   བསོད་བྷེ།  ཡིག་བསྒྱུར།       དུས་ཚོད།   2018-09-06   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        རང་རེའི་བོད་ཀྱི་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་རིགས་འདུས་པའི་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལས་དོན་དེ་དཔལ་འབྱོར་དར་རྒྱས་དང་མི་རིགས་གོང་འཕེལ། སྤྱི་ཚོགས་ཡར་རྒྱས་བཅས་ཡོང་བའི་རྩ་བའི་ཇུས་ཆེན་ཞིག་ཏུ་གཟིགས་ཏེ། དམིགས་བསལ་གྱི་སྲིད་ཇུས་རབས་དང་རིམ་པ་ཞིག་བཀོལ་པས་བོད་རིགས་སློབ་གསོའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་འཕེལ་རྒྱས་ཆེན་པོ་བྱུང་། ཡིན་ནའང་སློབ་གསོའི་འདུ་ཤེས་རྗེས་ལུས་དང་སློབ་གསོའི་བྱེད་ཐབས་རྙིང་ཞིང་ཁེར་རྐྱང་ཡིན་པ། སློབ་སྒྲུབ་ཀྱི་ཆ་རྐྱེན་ཞན་ཞིང་རྒྱ་ཁྱོན་ཆུང་བ། སློབ་གསོའི་རྨང་གཞི་ཞན་ཞིང་སློབ་གསོའི་མ་དངུལ་བཏང་བ་མི་འདང་བ། འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཐེབས་པས་སྔར་བཞིན་རྗེས་ལུས་ཀྱི་ལྷམ་ཆེན་འདོར་ཐུབ་མེད། དེས་ན་བོད་རིགས་སློབ་གསོ་མགྱོགས་མྱུར་ངང་གོང་དུ་སྤེལ་དགོས་ན། ནུབ་རྒྱུད་གསར་སྤེལ་ཆེན་མོའི་གོ་སྐབས་འདི་དམ་འཛིན་བྱས་ཏེ་འདུ་ཤེས་བསྒྱུར་ཅིང་། བོད་རིགས་སློབ་གསོའི་གནས་བབ་དང་མཐུན་པའི་དམིགས་ཚད་དང་མ་ལག་འཛུགས་པ་ལས་གཞན། གཙོ་བོ་གཤམ་གྱི་རྨང་གཞི་རང་བཞིན་གྱི་བྱ་བར་ཤུགས་བསྣན་ཏེ་རྩ་བའི་སྟེང་ནས་བོད་རིགས་སློབ་གསོའི་ཁྲོད་དུ་གནས་པའི་གནད་དོན་འཚོལ་ཞིབ་དང་དེ་ཐག་གཅོད་དགོས་པ་ཡང་གནད་ཀྱི་དམ་པ་ཡིན།

        གཅིག སློབ་གཞིའི་འཛུགས་སྐྲུན།

        སློབ་གཞིའི་འཛུགས་སྐྲུན་ནི་སློབ་གྲྭའི་གཞི་རྩའི་འཛུགས་སྐྲུན་ཆེན་པོ་གསུམ་ཁྲོད་ཀྱི་འཛུགས་སྐྲུན་གལ་ཆེན་ཞིག་ཡིན། རྒྱུ་མཚན་ནི་སློབ་གཞིས་སློབ་ཁྲིད་ཀྱི་རྩ་བའི་ནང་དོན་ཐག་གཅོད་པ་ཡིན་ཏེ། དགེ་རྒན་དག་གིས་འཆད་ཁྲིད་གནང་བ་དང་སློབ་མས་ཤེས་བྱ་སློབ་པའི་གཞི་འཛིན་ས་ཐམས་ཅད་སློབ་གཞི་ཡིན་པའི་ཕྱིར་རོ།། དེར་མ་ཟད་སློབ་ཁྲིད་ཀྱི་དམིགས་ཡུལ་དང་རྩ་དོན། བྱེད་ཐབས་སོགས་ཀྱང་དེས་མཚོན་པ་ཡིན་ནོ།། དེས་ན་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་མིན་ནི་ཐད་ཀར་སློབ་གཞིའི་སྤུས་ཚད་ལ་རག་ལས་ཡོད་པས། རྒྱལ་ཁབ་སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་དང་མཛུབ་སྟོན་ཐུགས་ཁུར་གནང་འོག ༡༩༨༢ལོར་ནུབ་བྱང་དང་ནུབ་ལྷོ་ཞིང་ཆེན་ལྗོངས་ལྔའི་བོད་ཡིག་སློབ་གཞི་མཉམ་སྒྲུབ་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་གཞུང་སྒྲུབ་ཁང་གསར་འཛུགས་བྱས་ཏེ། བོད་ཡིག་སློབ་གཞིའི་རྩོམ་སྒྱུར་དང་དཔེ་སྐྲུན་འགྲེམ་སྤེལ་སོགས་བྱ་བར་མཐུན་སྦྱོར་གནང་བས་བོད་ཡིག་སློབ་གཞིའི་རྩོམ་སྒྱུར་བྱ་བ་ནི་དུས་རིམ་གསར་བ་ཞིག་ཏུ་ཞུགས་ཏེ། ཞིང་ལྗོངས་ལྔའི་བོད་ཡིག་སློབ་གསོར་བྱས་རྗེས་ཆེན་པོ་བཞག་མོད། འོན་ཀྱང་ད་སྐབས་སྤྱོད་བཞིན་པའི་ཚན་ཁག་སོ་སོའི་བོད་ཡིག་སློབ་གཞིའི་ཁྲོད་དུ་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པའང་བཏང་སྙོམས་སུ་བསྐྱུར་མི་རུང་སྙམ། འདིར་མིག་མཐོང་ལག་ཟིན་དུ་བྱུང་བའི་གནད་དོན་འགའ་དཔེར་དྲངས་ནས་བརྗོད་ན།

        ༡.བོད་ཀྱི་སྐད་ཡིག་སློབ་དེབ་དུ། “སུམ་ཅུ་བ”དང“རྟགས་འཇུག”གཉིས་ནི་བོད་སྐད་ཡིག་སློབ་པའི་ཆེས་རྩ་བའི་རྒྱུན་ཤེས་ཡིན་སྟབས། སྤྱིར་བཏང་དུ་སློབ་ཆུང་གི་ལོ་རིམ་དང་པོ་ནས་སུམ་ཅུ་བའི་རྣམ་དབྱེ་དང་པོ་ངོ་བོ་ཙམ་དག་ཡིག་ནས་སློབ་མགོ་རྩོམ་པ་དང་། དམའ་འབྲིང་ནས་རྟགས་འཇུག་གི་མགོ་བརྩམས་ཏེ་མཐོ་འབྲིང་ནས་མཐར་ཕྱིན་པའི་བར་དུ་བོད་སྐད་ཡིག་གི་བརྡ་སྤྲོད་འཐུས་ཚང་དུ་སློབ་ཚར་དགོས་པ་ནི་ཞིང་ལྗོངས་ལྔའི་སློབ་ཁྲིད་རྩ་གནད་དུ་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་ད་སྐབས་བཀོལ་བཞིན་པའི་ཞིང་ལྗོངས་ལྔའི་བོད་སྐད་ཡིག་སློབ་དེབ་ཏུ་སློབ་ཆུང་ནས་མཐོ་འབྲིང་བར་སུམ་ཅུ་བའི་ཁག་མ་གཏོགས། རྟགས་འཇུག་གི་ནང་དོན་སྤུ་ཙམ་ཡང་བཀོད་མེད་པ་རེད། འདི་ནི་རྩོམ་སྒྲིག་མི་སྣའི་ནོར་འཕྱུག་ཆེན་པོ་ཞིག་ཡིན་ལ། དེས་སློབ་དེབ་ཀྱི་ནང་དོན་སྔ་གཞུག་སྦྲེལ་མི་ཐུབ་པ་དང་སློབ་མས་སྐད་ཡིག་སྦྱོང་བ་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད། གཞན་སློབ་དེབ་ཀྱི་རྩོམ་སྒྲིག་ཕྱོགས་སུའང་ཤེས་བྱ་བསྐྱར་ཟློས་སོགས་མི་མཐུན་འོས་མིན་གྱི་གནས་ཚུལ་ཡང་གནས་ཡོད་པ་འདིར་ཡི་གེ་མང་བར་དོགས་ནས་མ་བྲིས།

        ༢.བོད་ཡིག་རྩིས་ཚན་སློབ་དེབ་ནི་རྒྱ་ཡིག་གི་སློབ་དེབ་ནས་སྒྱུར་བསྒྲིགས་བྱེད་བཞིན་ཡོད། འོན་ཀྱང་འབྲེལ་ཡོད་སྡེ་ཁག་གིས་ཞིབ་དཔྱོད་ནན་མོ་དང་སློབ་དེབ་ཀྱི་སྤུས་ཚད་ལེགས་འཛིན་མ་བྱས་སྟབས་སློབ་དེབ་ཏུ་ཐ་སྙད་སྒྱུར་པ་གཅིག་གྱུར་མིན་པ་སྟེ་རྒྱ་ཡིག་གི་ཐ་སྙད་གཅིག་བོད་ཡིག་ཏུ་དོན་སྣ་མང་དུ་བསྒྱུར་བའམ་རྒྱ་ཡིག་གི་དོན་མི་འདྲ་བའི་ཐ་སྙད་འགའ་བོད་ཡིག་ཏུ་དོན་གཅིག་ཏུ་བསྒྱུར་བ(དཔེར་ན་རྒྱ་ཡིག་གི“天气’“气象“气候”སོགས་ཐ་སྙད་དག་བོད་ཡིག་ཏུ་སྒྱུར་སྐབས་ཚང་མ་དོན་གཅིག་ཏུ་བསྒྱུར་ཡོད།)སོགས་སྣང་ཚུལ་གནས་པས་ཤེས་བྱའི་ནོར་འཛོལ་བཟོས་ཡོད། བརྟེན་བྱའི་ཚིག་མཛོད་དག་ཏུ་ཐ་སྙད་གཅིག་གྱུར་མིན་པའང་སློབ་དེབ་ཏུ་མིང་ཚིག་རྙོག་འཛིང་བྱུང་བའི་རྒྱུ་རྐྱེན་རེད། བདག་གིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༢ལོར་པར་དུ་བསྐྲུན་པའི《རྒྱ་བོད་ཤན་སྦྱར་གྲངས་རིག་དང་དངོས་ལུགས། རྫས་འགྱུར། སྐྱེ་དངོས། འཕྲོད་བསྟེན་གྱི་མིང་ཚིག་ཐ་སྙད》ཚིག་མཛོད་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་པར་དུ་བསྐྲུན་པའི《བོད་རྒྱ་དབྱིན་གྲངས་རིག་ཚིག་མཛོད》དང《བོད་རྒྱ་དབྱིན་དངོས་ལུགས་ཚིག་མཛོད》ཁྲོད་ཀྱི་རྒྱུན་བཀོལ་གྱི་རྒྱ་ཡིག་མིང་ཚིག“几何体、函数、平面、磁场、真空、感生电动势”སོགས་བོད་ཡིག་ཏུ་བསྒྱུར་བ་བསྡུར་ཚེ་སོ་སོ་མི་གཅིག་པ་རེད། ཐ་སྙད་གཅིག་སྣ་མང་དུ་བསྒྱུར་འདུག་པ་འདི་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་གོ་བ་ལེན་དཀའ་བ་མ་ཟད། སྒྱུར་པ་པོ་རང་ཉིད་ཀྱིས་ཀྱང་རྒྱ་ཡིག་གི་མ་ཡིག་དང་བྲལ་ན་གསལ་བོ་ཞིག་བཤད་མི་ཐུབ་པར་སྙམ་མོ།།

        ༣.སློབ་དེབ་དཔེ་སྐྲུན་ཁྲོད་ཞུ་དག་བྱེད་རྒྱུ་ཡང་བྱ་བ་གལ་ཆེན་ཞིག་ཡིན་པས། དཔེ་དེབ་རེ་རེའི་སྤུས་ཚད་ལེགས་མིན་ནི་ཐད་ཀར་དུ་རྩོམ་སྒྲིག་པས་ཞུ་དག་ནན་ཏན་ཡིན་མིན་ལ་རག་ལས་ཡོད། གཞན་བོད་ཡིག་སློབ་དེབ་ཀྱི་བཀོལ་སྤྱོད་ཐད་ཞིང་ལྗོངས་ལྔའི་ས་ཁུལ་ལ་ལར་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་ཁྲིད་ཀྱི་སྔོན་ལ་སློབ་དེབ་ཐོན་ཐུབ་ཀྱི་མེད་པས་སློབ་ཁྲིད་ཀྱི་འཆར་གཞི་ལག་བསྟར་བྱེད་པ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་བར་ཆད་བཟོས་པ་དང་། བོད་ཡིག་སློབ་དེབ་ཀྱི་རིན་གོང་རྒྱ་ཡིག་ལས་ལྡབ་འགའ་མཐོ་བ་འདི་ཡང་དབུལ་ཕོངས་ས་ཁུལ་ཁ་ཤས་ཀྱི་སློབ་མའམ་ཁྱིམ་བདག་གིས་དང་ལེན་བྱེད་དཀའ་བའི་ཚད་དུ་ཡོད།

        དེ་དང་དེ་ལྟ་བུའི་གནད་དོན་ཤིན་ཏུ་མང་མོད་འོན་ཀྱང་ཡི་གེ་མང་བར་དོགས་ནས་མ་བྲིས། དེས་ན་སློབ་དེབ་སྒྲིག་པ་པོའམ་སྒྱུར་པ་པོ་སུ་ཡིན་རུང་ཚང་མས་མི་རིགས་སློབ་གསོ་དང་རྒྱ་ཆེ་བའི་དགེ་སློབ་རྣམས་ལ་འགན་ཁུར་བའི་ཀུན་སློང་རྣམ་དག་ཅིག་སྔོན་དུ་བཅངས་ན་ད་གཟོད་བོད་ཡིག་སློབ་དེབ་ཀྱི་སྤུས་ཚད་ཁག་ཐག་བྱེད་ཐུབ། བོད་ཡིག་སློབ་དེབ་སྒྱུར་སྒྲིག་བྱེད་སྐབས་བྱེ་བྲག་ཏུ་གཤམ་གྱི་གནད་འདི་དག་ལ་དོ་སྣང་བྱེད་དགོས་སྙམ།

        ༡.བོད་ཡིག་སློབ་དེབ་སྒྲིག་སྐབས་བོད་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་བསྟུན་ཏེ་རྨང་གཞི་སློབ་གསོ་གཙོ་གནད་དུ་འཛིན་དགོས།

        ༢.མཉམ་སྒྲིག་སློབ་དེབ་ཀྱི་ཐུན་མིན་རང་བཞིན་ལ་དོ་སྣང་བྱེད་པ་དང་དུས་མཚུངས་སུ་བོད་ཡིག་སློབ་དེབ་རང་ཉིད་ཀྱི་ཁྱད་ཆོས་འབུར་དུ་ཐོན་དགོས།

        ༣.རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་པ་དང་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་ཁོང་དུ་ཆུད་པའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས།

        ༤.ཚན་རིག་དང་མཐུན་པའམ་འོས་ཤིང་འཚམ་པའི་ངང་སློབ་ཚན་གྱི་ནང་དོན་དང་སྔ་གཞུག་གི་མཐུན་སྦྱོར་འབྲེལ་བ་བཀོད་སྒྲིག་ལེགས་པོ་བྱེད་དགོས།

        ༥.བོད་ཡིག་སློབ་དེབ་སྒྱུར་སྐབས་རྒྱལ་ཡོངས་གཅིག་གྱུར་སློབ་དེབ་ཀྱི་སློབ་ཁྲིད་རྩ་གནད་གཞིར་བཟུང་སྟེ་བོད་རིགས་སློབ་མའི་གནས་ཚུལ་དངོས་དང་ཁོ་ཚོའི་ཁྱད་ཆོས་ལ་དམིགས་ཏེ། སློབ་ཁྲིད་ཀྱི་དམིགས་ཚད་དང་གཙོ་གནད། དཀའ་གནད་སོགས་འབུར་དུ་ཐོན་པར་དོ་སྣང་བྱེད་དགོས། གཞན་ཡང་སློབ་དེབ་ཀྱི་ཚོད་ལྟ་དང་བསམ་གཞིགས་རྩི་གཞི་སོགས་བཀོག་སྒྲིག་ལེགས་པོ་བྱེད་དགོས།

        ༦.སློབ་དེབ་སྒྱུར་སྐབས་མ་ཡིག་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང“སྔོག་འདོན”དང“གཡོར་བ”“གསར་གཏོད”བཅས་ཀྱི་སྒྱུར་ཐབས་ལེགས་པར་བཀོལ་ཏེ་ཐ་སྙད་ཚད་ལྡན་དང་གཅིག་གྱུར་དུ་གཏོང་དགོས།

        གཉིས། དགེ་རྒན་གྱི་སྟོབས་ཤུགས།

        མི་རིགས་དར་བའི་རེ་བ་ནི་སློབ་གསོ་ཡིན་པ་དང་། སློབ་གསོ་དར་བའི་རེ་བ་ནི་དགེ་རྒན་ཡིན། དགེ་རྒན་གྱི་ངལ་རྩོལ་བ་ཡུལ་ནི་སློབ་མ་ཡིན་པས་དགེ་རྒན་རང་ཉིད་གྱི་བང་ཚད་དང་བ་བའི་བཟང་ངན་གྱིས་ཐད་ཀར་སློབ་མའམ་ཐ་ན་སྤྱི་དམངས་རྗེས་རབས་པའི་བང་ཚད་ཐག་གཅོད་པ་ཡིན། ཀྲུང་དབང་གིས《སློཡ་གསོའི་ལམ་ལུགས་སྒྱུར་བཅོས་སྐོར་གྱི་གཏན་ཁེལ》ནང་དུ་བསྟན་དོན། “གྲངས་ཀ་ལོང་ཞིང་འོས་མཐུན་གཏན་འཇགས་ཡིན་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་འོས་འགན་སློབ་གསོ་ལག་བསྟར་བྱེད་པ་དང་རྨང་གཞི་སློབ་གསོའི་ཆུ་ཚད་མཐོ་རུ་འདེགས་པའི་རྩ་བའི་ཇུས་ཆེན་ཡིན།”ཞེས་སོ།། བཅིངས་འགྲོལ་བས་པའི་ཚུན་ལ། བོད་ཁུལ་སོ་སོར་སྔ་གཞུག་ཏུ་མི་རིགས་དགེ་འོས་སློབ་གྲྭ་བཙུགས་ནས་མི་རིགས་ས་ཁུལ་དུ་རྨང་གཞི་སློབ་གསོ་འཕེལ་རྒྱས་དང་ཤེས་ཡོན་མི་སྣ་སྐྱེད་སྲིང་བྱེད་པར་བས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད་དེ། མིག་སྔར་གཞི་རིམ་སློབ་ཆུང་གི་དགེ་རྒན་མང་ཤོས་ནི་མི་རིགས་དགེ་འོས་སློབ་གྲྭ་ནས་སྐྱེད་སྲིང་བས་པེ་ཡིན་པར་མ་ཟད། རིགས་སོ་སོའི་སློབ་གྲྭའི་མགོ་ཁྲིད་པའམ་སློབ་ཁྲིད་ཀྱི་རྐང་འཛིན་པའམ། རྒྱལ་ཡོངས་དང་ཞིང་ཆེན་ ནང་ཁུལ་དང་རྫོང་རིམ་པའི“མིག་དཔེ་དགེ་རྒན”དང“ཕུལ་བྱུང་དགེ་རྒན”སོགས་ཀྱི་མཚན་སྙན་ཐོབ་པའི་སྔོན་ཐོན་མི་སྣ་མང་པོ་བྱུང་ཡོད་པ་ཕལ་ཆེར་ཡང་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན། ཡིན་ན་ཡང་བོད་རིགས་ཀྱི་སློབ་གསོའི་ལས་དོན་འཕེལ་རྒྱས་བཏང་སྟེ་དུས་རབས་ཀྱི་རྗེས་ཆོད་པ་ལ་དཔུང་སྡེ་འདི་ཙམ་གྱིས་ད་དུང་རྒྱ་ཆེ་བའི་འབྲོག་ཁུལ་སློབ་གྲྭའི་དགོས་མཁོ་བསྐོང་མི་ཐུབ་པ་དང་། དགེ་རྒན་ལ་ལའི་ལས་སྒོའི་བྱང་ཚད་དམའ་བ་དང་བྱ་བའི་ལས་འབྲས་ཞན་པ་སོགས་ཀྱི་གནད་དོན་གནས་ཡོད། བོད་རིགས་ས་ཁུལ་དུ་དགེ་རྒན་གྱི་གྲངས་ཀ་མི་འདང་བ་དང་སྤུས་ཚད་དམའ་བ་གཉིས་བསྡུར་ན་སྤུས་ཚད་དམའ་བའི་གནད་དོན་ནི་དེ་བས་ཀྱང་ཚབས་ཆེ་བ་ཡིན། སློབ་གསོའི་སྤུས་ཚད་མཐོ་རུ་འདེགས་ན་གཙོ་བོ་དགེ་རྒན་དཔུང་སྡེའི་སྤུས་ཚད་ལ་རག་ལས་ཡོད་ཕྱིར་ངེས་པར་དུ་ཀུན་སྤྱོད་དང་ཤེས་ཡོན་འཛོམ་ཞིང་སྤུས་ཚད་མཐོ་བ། སྒྲིག་གཞི་འོས་མཐུན་ཡིན་ཞིང་ཅུང་གཏན་འཇགས་ཡིན་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། དེ་ཡང་ནང་ལོགས་སློབ་ཆེན་དུ་མངགས་ནས་སློབ་སྦྱོང་ངམ་ཟབ་སྦྱོང་བྱེད་པ་སོགས་ཐབས་ལམ་མང་པོ་བརྒྱུད་དེ། རང་ས་གནས་ཀྱི་མི་ཡིན་ཞིང་བྱང་ཚད་མཐོ་བ་དང་བྱ་བར་དགའ་ཞིང་སྙིང་སྟོབས་ལྡན་པའི་དགེ་གོན་གྱི་དཔུང་སྡེ་ཞིག་སྐྱེད་སྲིང་དང་གསོ་སྦྱོང་བྱས་ནས། དགེ་རྒན་གྱི་སྟོབས་ཤུགས་ཞན་པའི་གནད་དོན་ཐག་གཅོད་བྱ་དགོས།

        གཞན་ཡང་བློ་མཐུན་ཏིན་ཞའོ་ཕེན་གྱིས“དགེ་རྒན་གྱི་གསར་གཏོད་རང་བཞིན་ལྡན་པའི་ངལ་རྩོལ་ལ་ཏང་དང་མི་དམངས་ཀྱིས་བརྩི་བཀུར་བྱེད་དགོས་ལ། སྤྱི་ཚོགས་ཡོངས་ཀྱིས་ཀྱང་དགེ་རྒན་ལ་བརྩི་བཀུར་བྱེད་དགོས།”ཞེས་གསུངས་པ་བཞིན་དགེ་རྒན་གྱི་ཆབ་སྲིད་དང་སྤྱི་ཚོགས་བཅས་ཀྱི་གོ་གནས་དང་འཚོ་བའི་ལྟ་སྐྱོང་སོགས་མཐོ་རུ་འདེགས་པ་དང་དགེ་རྒན་གྱི་ཁེ་དབང་དང་ངལ་རྩོལ་ལ་བརྩི་བཀུར་བྱེད་དགོས། སྤྱི་ཚོགས་ཡོངས་ལ་འབོད་སྐུལ་བཏང་སྟེ་ཚང་མས་དགེ་རྒན་ལ་བརྩི་བཀུར་བྱས་ཏེ་དགེ་རྒན་རྣམས་ལ་སེམས་སྐྱིད་ཅིང་ཁམས་བདེ་བའི་བྱ་བའི་ཁོར་ཡུག་ཅིག་བསྐྲུན་ན་ཁོ་ཚོས་བློ་གཅིག་སེམས་གཅིག་གིས་བྱ་བར་འབད་བརྩོན་བྱེད་ངེས་པ་མ་ཟད། རང་ཉིད་ཀྱི་ངལ་རྩོལ་དེའི་སྤྱི་ཚོགས་རིན་ཐང་དང་རླབས་ཆེན་གྱི་དོན་སྙིང་བཅས་རྟོགས་ཏེ། རང་རྟོགས་སྒོས་རང་ཉིད་ཀྱི་རྒྱུ་སྤུས་མཐོ་རུ་བཏེགས་ཏེ་བྱ་བའི་གྲུབ་འབྲས་གོང་མཐོར་གཏོང་ངེས་ཡིན།

            གསུམ། སྐད་གཉིས་སློབ་ཁྲིད།

        མར་ཁེ་སི་རིང་ལུགས་ཀྱི་ལྟ་ཚུལ་ལྟར་ན། མི་རིགས་ཀྱི་སྐད་དང་ཡི་གེ་ནི་མི་རིགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ལ། མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་བ་ནི་མི་རིགས་འདྲ་མཉམ་གྱི་རྩ་དོན་མངོན་འགྱུར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། རིག་གནས་སློབ་གསོའི་ཁྲོད་དུ་མངོན་པར་མཚོན་དགོས། དོན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེས་མི་རིགས་རང་གི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་འཛུགས་སྐྲུན་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཕྱི་རོལ་ཡུལ་གྱི་དོན་དངོས་འདིས་བོད་ཁུལ་དུ་ངེས་པར་དུ་སྐད་གཉིས་མཉམ་བཀོལ་བྱེད་དགོས་པ་ཐག་གིས་བཅད་ཅིང་དུས་མཚུངས་སུ་སྐད་གཉིས་སློབ་ཁྲིད་ཀྱི་བྱེད་ནུས་གལ་ཆེན་ཡང་ཐག་བཅད་པ་རེད། ༡༩༨༡ལོར་པ་ལེ་རུ་བསྡུས་པའི་མ་སྐད་ནི་སློབ་གསོའི་ཡོ་བྱད་ཡིན་ཞེས་པའི་མཁས་པའི་གྲོས་ཚོགས་སུ། “མ་སྐད་ནི་མི་རྣམས་ཀྱི་སློབ་གསོར་གྲུབ་འབྲས་ཐོབ་པའི་གནད་འགག་ཡིན་ཏེ། ཡིག་རྨོངས་སེལ་བའམ་དབུལ་བ་ལས་མཐར་བའི་ཡོ་བྱད་ནུས་ལྡན་ཞིག་ཡིན་པས་མི་རིགས་དར་རྒྱས་སུ་གཏོང་བ་ལ་དེ་མེད་མི་རུང”ཞེས་ཕྱོགས་སྡོམ་བྱས། དེས་ན་སྐད་གཉིས་སློབ་གསོ་ནི་བོད་རིགས་སློབ་གསོ་གོང་དུ་སྤེལ་བའི་གནད་ཡིན་པ་ནི་སུས་ཀྱང་བསྙོན་དུ་མེད་ཀྱང་དེང་སྐབས་དེའི་ཕྱོགས་སུ་མི་རྣམས་ལ་ལྟ་ཚུལ་དང་བསམ་འཆར་མི་འདྲ་བ་མང་པོ་ཡོད་པ་སྟེ། ལ་ལའི་བསམ་འཆར་ནི་བོད་ཡིག་སློབ་ཚན་མ་གཏོགས་གཞན་ཐམས་ཅད་རྒྱ་ཡིག་གི་སྟེང་ནས་སློབ་ཁྲིད་བྱས་ན་ཕན་པར་འདོད་པ་དང་ལ་ལས་ནི་རྒྱའི་སྐད་ཡིག་མ་གཏོགས་བསླབ་བྱ་གཞན་ཐམས་ཅད་མ་སྐད་སྟེང་ནས་སློབ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་ཞེས་འགྱུར་བ་མེད་པའི་ལྟ་བ་རྐང་ལ་བཟུང་ཡོད། ཡང་ལ་ལ་ཞིག་གིས་བོད་རིགས་སློབ་མར་མི་རིགས་རང་གི་སྐད་ཡིག་ཁྲིད་པ་ལས་དབྱིན་ཡིག་ཁྲིད་ན་ལེགས་ཏེ། མི་རིགས་སྐད་ཡིག་ཁྲིད་ན་སློབ་མའི་འགན་ཁུར་ཇེ་ལྗིད་དུ་འགྲོ་བ་མ་ཟད། ད་དུང་རྒྱའི་དབྱངས་ཡིག་སློབ་པར་གནོད་པ་འབྱུང་བ་རེད་སྙམ་མོ།། མི་མང་པོ་ཞིག་གིས་རང་མི་རིགས་ཀྱི་སྐད་ཡིག་ལེགས་པོ་ཞིག་སློབ་པའི་དུས་མཚུངས་སུ་རྒྱའི་སྐད་ཡིག་ཀྱང་ལེགས་པོ་ཞིག་སློབ་པའི་སློབ་ཁྲིད་བྱེད་སྟངས་ལ་ཡིད་རངས་པ་རེད། ལར་སྐད་གཉིས་སློབ་གསོ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་རིག་གནས་ཉར་ཚགས་དང་སྲུང་སྐྱོབ་བྱེད་པའི་འདེམས་ཕྱོགས་ལེགས་པོ་ཞིག་ཡིན་པ་སྨྲས་མ་དགོས་ཏེ། སྐད་ཆ་སྣ་གཅིག་སྐྱབས་ན་རིག་གནས་སྣ་གཅིག་སྲུང་སྐྱོབ་བྱས་ཤིང་། སྐད་ཆ་སྣ་གཅིག་མེད་པར་གཏོང་ན་རིག་གནས་སྣ་གཅིག་དང་བསམ་གཞིགས་བྱེད་སྟངས་སྣ་གཅིག་མེད་པར་བཏང་བ་རེད། ཡང་ན། སྐད་ཆ་རིགས་གཅིག་བསླབ་ན་རིག་གནས་རིགས་གཅིག་བསླབ་པ་ཡིན་པའི་གནས་ལུགས་འདིའི་སྟེང་ནས་སྐད་གཉིས་སློབ་གསོའི་གལ་ཆེའི་ནུས་པ་དེ་མཚོན་ནོ།། བོད་རིགས་སློབ་གསོ་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་སྐད་ཆ་འགག་རྡོ་ལྟ་བུར་གྱུར་པ་དེ་ལ་ཐུག་ཡོད། གལ་ཏེ་མ་ཡིག་བཀོལ་ནས་འབྲིང་རིམ་སློབ་གསོ་ཁྱབ་གདལ་དུ་བཏང་ན་བོད་རིགས་ན་གཞོན་དང་བྱིས་པའི་རིག་སྟོབས་གསར་གཏོད་བྱེད་པ་ལ་སྐུལ་འདེད་གཏོང་ཐུབ་པ་དང་ཁྱབ་གདལ་གྱི་མྱུར་ཚད་ཀྱང་ཇེ་མགྱོགས་སུ་སོང་སྟེ། ཡིག་རྨོངས་གསར་བ་འབྱུང་བ་བཀག་པས་ངལ་རྩོལ་པའི་བྱང་ཚད་གོང་མཐོར་སོང་སྟེ་མཐར་བོད་ཁུལ་གྱི་ཚན་རྩལ་དང་རིག་གནས་སློབ་གསོའི་འཕེལ་རྒྱས་ཀྱང་སྔར་ལས་ཇེ་མགྱོགས་སུ་གཏོང་ཐུབ། རྒྱའི་སྐད་ཡིག་ནི་རང་རྒྱལ་གྱི་སྤྱི་སྐད་ཡིན་པས་དེའི་སྤྱི་ཚོགས་ཀྱི་བྱེད་ནུས་ནི་སུས་ཀྱང་བསྙོན་དུ་མེད། དེའི་ཕྱིར། རང་མི་རིགས་ཀྱི་སྐད་དང་ཡི་གེ་ལེགས་པོ་ཞིག་བསླབ་པའི་དུས་མཚུངས་སུ་ངེས་པར་དུ་རྒྱའི་སྐད་དང་ཡི་གེ་སློབ་དགོས་པ་འདིས་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་འདེགས་པར་དོན་སྙིང་གལ་ཆེ་ལྡན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་དེང་རབས་སྤྱི་ཚོགས་དང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་དགོས་མཁོ་དང་མཐུན་ཞིང་། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལའང་དོན་སྙིང་གལ་ཆེན་ལྡན།།