དབུ་ཤོག >> ཡུལ་སྲོལ་གོམས་གཤིས།
རྒྱལ་ཐང་སྐོར་བྲོ་ནང་གི་བཀྲ་ཤིས་སྒྲུབ་ཞེས་པའི་ཚིག
རྩོམ་པ་པོ། ཚེ་སྒྲོལ། དུས་ཚོད། 2018-09-05 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

གཞས་ཟེར་ཡག་མོ་དགུང་སྔོན།

མཐོ་པོར་བཞུགས་ཡཱ།

གཙང་ཟེར་བཀྲ་ཤིས་ལ་ཡི་ལ་འགོ་ལ།

དར་ཟེར་དཀར་པོའི་རླུང་དར་བཅུ་གསུམ་གསོལ།

དར་ཟེར་དཀར་པོ་མི་རེད་རྨ་བྱ་བྱ།

བྱ་ཟེར་རྨ་བྱ་བྱ་ནི་བླ་མའི་ཆོས་བྱ་རེད།

སྒྲོ་ཟེར་ཡག་ཡག་བུམ་པའི་ཁ་རྒྱན་རེད།

མཛེས་ཟེར་ཆོས་ཁང་གི་ཟུར་ལ་གཡང་ཞིག་ཆགས།

གོང་བླ་མ་གསུམ་གྱིས་གཡང་ཞིག་བསུ།

གཡང་ཕྱི་ལ་མ་བསུ་ནང་ལ་བསུ།

གཡང་ཟེར་ནང་ལ་བསུ་བའི་སྨོན་ལམ་ཤོག


གཙང་ཟེར་བཀྲ་ཤིས་ལ་ཡི་ལ་སྐེད་ལ།

དར་ཟེར་སེར་པོའི་རླུང་དར་བཅུ་གསུམ་གསོལ།

དར་ཟེར་སེར་པོ་མི་རེད་ཁུ་བྱུག་བྱ།

བྱ་ཟེར་ཁུ་བྱུག་བྱ་ནི་དཔའ་བོའི་འགྲོགས་བྱ་རེད།

སྒྲོ་ཟེར་ཡག་ཡག་ནག་ཕྲན་ཁ་རྒྱན་རེད།

མཛེས་ཟེར་མཆུ་དཀར་ཟུར་ལ་གཡང་ཞིག་ཆགས།

བུ་དཔའ་བོ་གསུམ་གྱིས་གཡང་ཞིག་བསུ།

གཡང་ཕྱི་ལ་མ་བསུ་ནང་ལ་བསུ།

གཡང་ཟེར་ནང་ལ་བསུ་བའི་སྨོན་ལམ་ཤོག


གཙང་ཟེར་བཀྲ་ཤིས་ལ་ཡི་ལ་རྩ་ལ།

དར་ཟེར་སྔོ་པོ་རླུང་དར་བཅུ་གསུམ་གསོལ།

དར་ཟེར་སྔོ་པོ་མི་རེད་ནེ་ཙོ་བྱ།

བྱ་ཟེར་ནེ་ཙོ་བྱ་ནི་ཞོལ་མེད་མོའི་འགྲོགས་བྱ་རེད།

སྒྲོ་ཟེར་ཡག་ཡག་འཐག་བཟུང་གི་ཁ་རྒྱན་རེད།

མཛེས་ཟེར་འཐག་རའི་ཟུར་ལ་གཡང་ཞིག་ཆགས།

མོ་ཞོལ་མེད་གསུམ་གྱིས་གཡང་ཞིག་བསུ།

གཡང་ཕྱི་ལ་མ་བསུ་ནང་ལ་བསུ།

གཡང་ཟེར་ནང་ལ་བསུ་བའི་སྨོན་ལམ་ཤོག