དབུ་ཤོག >> བདེ་ཐང་མཛུབ་སྟོན།
ཕྱི་དྲོའི་ཁ་ཟས་དང་ལུས་ཁམས་བདེ་ཐང༌།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-09-03 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།


        བདག་ཅག་གི་སྟོན་པས། བསྙེན་གནས་དང་ཐེག་ཆེན་གསོ་སྦྱོང༌། རབ་བྱུང་གི་སྡོམ་པའི་སྐབས་སུ་ཕྱི་དྲོའི་ཁ་ཟས་ལ་འཛེམ་དགོས་པའི་སྐོར་གསུངས་ཡོད། འོན་ཀྱང་གཞུང་མང་བོ་ཞིག་ཏུ་དེའི་རྒྱུ་མཚན་ཅི་ཡང་མི་གསལ། ཐེག་ཆེན་གསོ་སྦྱོང་གི་ཆོ་གར། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ།། ཞེས་མུ་གེ་མེད་པ་དང༌། ནད་མེད་པར་བྱ་བ་ནི་གསོ་སྦྱོང་ལེན་པའི་དགོས་པ་ཞིག་ཏུ་གསུངས་པས། བསྙེན་གནས་དང་དགེ་ཚུལ་སློང་གི་སྡོམ་པའི་སྐབས་སུ་ཕྱི་དྲོ་ཁ་ཟས་ལ་མི་སྤྱོད་པའི་དགོས་པའང་དེ་ཡིན་པ་ཤེས་ཐུབ། དེ་ལས་མུ་གེ་མེད་པར་བྱ་བའི་ཕྱིར་ཞེས་པ་ནི་གོ་སླ་སྟེ། ཆ་སྙོམས་ཀྱིས་མི་གཅིག་གི་དགུང་ཟས་ལ་སྒོར་བཅུ་སྤྱོད་པའི་དབང་དུ་བཏང་ན་མི་གཅིག་གིས་ཕྱི་དྲོ་ཁ་ཟས་ལ་མ་སྤྱད་ན་ལོ་གཅིག་ལ་སྒོར3650གྲོན་ཆུང་བྱ་ཐུབ་ཅིང་བོད་མི་ས་ཡ་དྲུག་གིས་ཕྱི་དྲོ་ཁ་ཟས་མ་བཞེས་ན་ཉིན་གཅིག་ལ་སྒོར་ས་ཡ་དྲུག་ཅུ་དང༌། ལོ་གཅིག་ལ་སྒོར་དུང་ཕྱུར་ཉེར་གཅིག་དང་བྱེ་བ་དགུ་བཅུས་གྲོན་ཆུང་བྱ་ཐུབ། སྒོར་དུང་ཕྱུར་ལྔས་སློབ་གྲྭ་ཆེན་མོ་ཞིག་བསྐྲུན་པའི་དབང་དུ་བྱས་ན་སྒོར་དེས་བོད་ལ་སློབ་ཆེན་བཞི་བསྐྲུན་ཐུབ་ཅིང༌། མུ་གེ་བྱུང་བའི་ས་ཆར་རོགས་བྱེད་པའི་དབང་དུ་བྱས་ན། མི་མང་བོར་རོགས་བྱ་ཐུབ་པ་ནི་སྨོས་ག་ལ་དགོས། དེ་ནས་ཕྱི་དྲོའི་ཁ་ཟས་དང་ལུས་ཁམས་བདེ་ཐང་ལ་འབྲེལ་བ་ག་འདྲ་ཡོད་དམ། རྒྱུད་བཞི་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌། དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས།། ཞེས་ཟས་ནི་ལུས་འཚོ་བའི་རྐྱེན་ཡིན་ལ་ནད་བསྐྱེད་པའི་རྒྱུའང་ཡིན་གསུངས་པས། དེར་བསམ་ན་ནད་མེད་པར་བྱ་བའི་ཕྱིར་ཞེས་པ་རགས་ཙམ་གོ་ཐུབ་སྟེ། ཟས་ཀྱི་སྤྱོད་སྟངས་ནི་ནད་མེད་པར་བྱ་བ་ལ་འབྲེལ་བ་ཤིན་ཏུ་ཆེ་བས་སོ།། ལྷག་པར་དེང་གི་གསོ་རིག་གཞུང་བཀླགས་པས། དགོང་མོར་མི་རྣམས་ཀྱིས་རྩོལ་བའི་ལས་ཀ་མི་བྱེད་ཅིང༌། འགྲོ་འཆག་ཀྱང་ཉུང་བས་ཟོས་པའི་ཟ་མ་དག་ཞུ་དཀའ། དེ་བས་དགུང་ཟས་ཟ་འཕྱི་ན་མཁལ་རྡེའུ་འབྱུང་སླ་ཞིང༌།དགུང་མོར་ཤ་དང་སྒོ་ང་འོ་མ་བཅས་སྒོང་སྤྲི་ཆེ་བའི་ཟས་ལ་སྤྱད་ན་ཟས་དུག་ཏུ་འགྱུར་སླ་ཞིང༌། ནད་མང་བོ་བསྐྱེད་པར་མ་ཟད། ཐ་ན་ཨེད་སྐྲན་ཀྱང་བསྐྱེད་ངེས། དེ་ལས་དགུང་མོར་ཟས་ཀྱིས་རྒྱགས་དྲགས་པ་ནི་གཅིན་སྙིའི་ནད་འབྱུང་བའི་རྐྱེན་གཙོ་བོ་ཞིག་ཡིན་པ་མ་ཟད། ཟས་ཀྱིས་དོན་ལྔ་སྣོད་དྲུག་ལ་གནོད་པའི་དབང་གིས་དབང་བོར་གནོད་པ་ཐེབས་ཤིང་གཉིད་མི་ཁུགས་པའི་ནད་ཀྱང་འབྱུང་ཟེར། ལྷག་པར་ནད་མང་བོ་ཞིག་ནི་དགུང་ཟས་མ་འཕྲོད་པས་བསྐྱེད་དེ་དཔེར་ན། ཚོ་ནད། གཤེར་མའི་གཉན་ཚད། མཁལ་རྡེའུ་གསོག་པ། སྙིང་ནད། རྒྱུ་མའི་ཨེད་སྐྲན། གཅིན་སྙིའི་ནད། ཁྲག་ཚད་མཐོ་བའི་ནད། ཁྲག་སྣུམ་པའི་ནད། དབང་བོ་ཉམས་པ། གཉིད་འཁྲུགས་པ་སོགས་དགུང་ཟས་མ་འཕྲོད་པས་བསྐྱེད་པར་ཚན་རིག་གིས་བདེན་དཔང་བྱས་ཡོད། དེ་བས་ཁྱིམ་ཚང་མང་བོ་ཞིག་གིས་དགུང་ཟས་ཕུན་སུམ་ཚོགས་པ་འདྲེན་པ་ནི་གནོད་ཆེ་བར་བཤད། བདག་གིས་དེང་རབས་གསོ་རིག་གི་དགུང་ཟས་སྐོར་གྱི་གཞུང་འདི་བཀླགས་པས་ད་གཟོད་སྟོན་པའི་གསུང་དེར་ཚན་རིག་གིས་བདེན་དཔང་བྱས་ཟིན་པ་ཤེས་བྱུང༌། དེ་བས་སྟོན་པས་ཕྱི་དྲོའི་ཁ་ཟས་བཀག་པ་ནི་ལུས་ཁམས་བདེ་ཐང་གི་གནད་ཆེན་པོ་ཞིག་དགོངས་ཡོད་པའང་ཤེས་ཐུབ་སྟེ། འདི་ནི་གཅིན་སྙིའི་ནད། ཁྲག་ཚད་མཐོ་བའི་ནད། ཁྲག་སྣུམ་པའི་ནད། དབང་བོ་ཉམས་པ། གཉིད་འཁྲུགས་པ་སོགས་ཀྱི་ནད་དང་ལྡན་པས་ཤེས་དགོས་པ་ཞིག་གོ