དབུ་ཤོག >> བོད་ཁུལ་གསར་འགྱུར།
ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་ལེགས་འགྲུབ་བྱུང་བ་དང་སྔོན་དཔག་བྱས་ན་ད་ལོའི་ཟླ་11པར་ཤར་གཏོང་ཐུབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-29 རྩོམ་ཁུངས། མི་དམངས་དྲ་བ།

        ཟླ་8ཚེས་27ཉིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་ལེགས་འགྲུབ་བྱུང་བ་དང་སྔོན་དཔག་བྱས་ན་ད་ལོའི་ཟླ་11པར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ཁྲོན་བོད་ལྕགས་ལམ་དེ་ཁྲེང་ཏུའུ་དང་། གཡག་རྔ། དར་རྩེ་མདོ། ཉིང་ཁྲི་སོགས་བརྒྱུད་ནས་ལྷ་སར་འབྱོར་རྒྱུ་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི་1629ཡོད། མིག་སྔར་ཁྲེང་ཏུའུ་ནས་གཡག་རྔ་དང་། ཉིང་ཁྲི་ནས་ལྷ་ས་བར་གྱི་ལམ་དུམ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་41ཡོད་ཅིང་། ཁྲེང་ཕུའུ་ལྕགས་ལམ་ཁྲའོ་དབྱང་ས་ཚིགས་ནས་མཐུད་དེ། མེང་ཧྲན་དང་གཡག་རྔ་ས་ཚིགས་གཉིས་གསར་དུ་བཙུགས་
ཡོད་པ་དང་། དུས་ཚོད་རེའི་མྱུར་ཚད་སྤྱི་ལེ་160བཟོ་འཆར་ཡོད། ལམ་དུམ་དེ་འགྲུབ་རྗེས་གཡག་རྔ་གྲོང་ཁྱེར་དུ་ལྕགས་ལམ་མེད་པའི་གནས་ཚུལ་མཇུག་རྫོགས་པ་རེད། 
        ཁྲེང་ཏུའུ་ནས་གཡག་རྔ་བར་མེ་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་གཡག་རྔ་བར་དེ་སྔའི་ཆུ་ཚོད་2ཙམ་རླངས་འཁོར་སྡོད་ནས་འགྲོ་དགོས་པ་མེ་འཁོར་ལ་ཆུ་ཚོད་1ཙམ་ལས་མི་དགོས། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་དེ་ཤར་ཁྲེང་ཏུའུ་ལ་འབྲེལ་ཞིང་། ནུབ་བོད་རིགས་ས་ཁུལ་དུ་བསྐྱོད་ཆོག་པ། ལྷོ་ཕན་ཤིའི་དུ་བསྐྱོད་ཆོག་པས་གལ་ཆེའི་ལམ་དུམ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་། ལམ་འགྲུབ་རྗེས་ཁྲེང་ཏུའུ་གཤོང་ཁུལ་གྱི་དཔལ་འབྱོར་ཁྱབ་འགྱེད་ཀྱི་སྐུལ་ཁྲིད་ནུས་པ་ཐོན་རྒྱུ་རེད། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལྕགས་ལམ་འཁོར་སྐྱོད་ཀྱི་དུས་ཚོད་མིག་སྔའི་ཆུ་ཚོད་36དེ་ཆུ་ཚོད་13བར་ཐུང་དུ་འགྲོ་བའི་རེ་བ་ཡོད།