དབུ་ཤོག >> རྒྱལ་ཕྱི་ནང་གསར་འགྱུར།
པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་འགྲེམ་སྟོན་སྐབས་ཉེར་ལྔ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-29 རྩོམ་ཁུངས། མི་དམངས་དྲ་བ།

        


        ཟླ8ཚེས22ཉིན་ནས26ཉིན་བར། པེ་ཅིང་གྲོང་ཁྱེར་ཀྲུང་གོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་གསར་པར་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་འགྲེམ་སྟོན་སྐབས་ཉེར་ལྔ་པ་དང་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྐབས་བཅུ་དྲུག་པ་གཉེར་ཡོད། 
         པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་འགྲེམ་སྟོན་ནི་ད་ལྟ་འཛམ་གླིང་གི་རྒྱལ་སྤྱིའི་དཔེ་དེབ་འགྲེམ་ཚོགས་ཆེ་གྲས་ཨང་གཉིས་པ་ཡིན་པ་དང་། 1986ལོ་ནས་ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)སྤྱི་ཁྱབ་ཀུང་སིས་གཉེར་བ་ནས་བཟུང་། ད་ལྟའི་བར་དུ་ཐེངས24བདེ་བླག་ངང་གཉེར་ཐུབ་ཡོད། “འཛམ་གླིང་གི་ཕུལ་བྱུང་དཔེ་དེབ་ཀྲུང་གོར་ནང་འདྲེན་བྱེད་པ་དང་ཀྲུང་གོའི་དཔེ་དེབ་འཛམ་གླིང་དུ་བསྐྱོད་པའི”དངོས་མང་འགྲེམ་སྟོན་གཉེར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ལོ་ལྟར་རྒྱལ་ཁབ་དང་ས་ཁུལ80ལྷག་ཙམ་ནས་ཡོང་བའི་རྒྱལ་ནང་དང་རྒྱལ་ཕྱིའི་དཔེ་སྐྲུན་ཁང2000ལྷག་ཙམ་འགྲེམ་སྟོན་ནང་ཞུགས་ནས། དཔེ་དེབ་རྩེ་གྲ་ཁྲི20ལྷག་ཙམ་འགྲེམ་སྟོན་བྱེད་པ་དང་། རྩོམ་རིག་དང་དཔེ་སྐྲུན་ཆེད་ལས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ1000ཙམ་གཉེར་གྱི་ཡོད།  
      ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་དངོས་མང་འགྲེམ་སྟོན་ནང་སི་ཁྲོན་འགྲེམ་ཁུལ་དང་། བོད་ལྗོངས་འགྲེམ་ཁུལ། ཀན་སུའུ་འགྲེམ་ཁུལ་དུ་བོད་ཡིག་དཔེ་དེབ་མང་པོ་བདམས་ཐོན་བྱུང་ནས་མཐོང་རྒྱུ་ཡོད། སི་ཁྲོན་འགྲེམ་ཁུལ་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《བོད་ཀྱི་མཛེས་རྩལ་ཀུན་བཏུས》དང《བོད་ཡུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས་བཞུགས་སོ》 《གངས་ཅན་ཡིག་གཟུགས་ཀུན་བཏུས》སོགས་ཡོད་པ་དང་། བོད་ལྗོངས་འགྲེམ་ཁུལ་དུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དང《ཐང་ཀ་བདམས་དཔྱད་ཤེལ་མཛོད》 《བོད་བརྒྱུད་ནང་བསྟན་སྔ་འགྱུར་བཀའ་གཏེར་དཀྱིལ་འཁོར་དཔེ་རིས》སོགས་ཡོད། ཀན་སུའུ་འགྲེམ་ཁུལ་དུ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དང《མདོ་ཁམས་ཡུལ་གྱི་བོད་ཀྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་འཛུམ་བཞད》སོགས་ཡོད།