དབུ་ཤོག >> རྒྱལ་ཕྱི་ནང་གསར་འགྱུར།
ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཀྲམ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-28 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་སྦྲགས་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་བརྩི་སྲུང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་བསྟན་དོན། 2015ལོའི་ཟླ་བཅུ་པར་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གིས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་བརྩི་སྲུང་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་ནན་པོས་སྐྱོང་རྒྱུ་དང་ཏང་བཅོས་སྒྲིག་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་བཀོད་པའི་ནང་བཅུག་སྟེ་ཏང་གི་སྒྲིག་ཡིག་ནང་དུ་སྒྲིག་ཁྲིམས་འཛུགས་སྐྱོང་གི་འབྲེལ་ཡོད་ནང་དོན་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་ཀྲུང་དབྱང་གིས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་ནས་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ཐོག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐག་བཅད་པ་རེད།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཐོག་ཏང་གི་སྲོལ་ཡིག་རྩ་བའི་གཞི་འཛིན་སར་བཟུང་ནས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་སྐོར་གྱི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་ཁག་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་རྣམ་པར་གཏན་འཁེལ་བྱས་ཏེ། སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་བཙུགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་དེ་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་དང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་གསོའི་སློབ་ཚན་ནང་བཅུག་ནས། བཙན་ཞིང་ནན་པའི་སྒྲིག་ཁྲིམས་དེ་ཏང་ཡོན་ལས་བྱེད་པའི་ཉིན་དེའི་གོམས་གཤིས་དང་རང་རྟོགས་ངང་བརྩི་སྲུང་བྱ་ཡུལ་ཞིག་ཏུ་འགྱུར་བར་བྱེད་དགོས།

    རིམ་ཁག་ཏང་ཨུད(ཏང་ཙུའུ)དང་སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)གིས《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་སྐོར་གཟིགས་སྐོར་ཞིབ་དང་བཅའ་སྡོད་ལྟ་སྐུལ་བྱེད་པའི་གཙོ་གནད་ཁྱབ་ཁོངས་སུ་ཡང་འཇུག་དགོས། ལག་བསྟར་ཡག་པོ་མ་བྱུང་བའི་རིགས་ལ། སྐྱོན་བརྗོད་སློབ་གསོ་གཏོང་བ་དང་། ལྟ་སྐུལ་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་བ། འགན་འཁྲི་རྩད་གཅོད་བདའ་འདེད་ནན་པོ་བཅས་བྱས་ནས《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།