གནས་ཆེན་ཁ་བ་དཀར་པོའི་སྐོར་གླེང་བ།

རྩོམ་པ་པོ།   བཀྲ་དོན། བསོད་རྡོ།  ཡིག་བསྒྱུར།       དུས་ཚོད།   2018-08-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        བོད་ཡུལ་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྤོ་འབོར་སྒང་གི་ཁོངས།དེང་གི་ཡུན་ནན་ཞིང་ཆེན་གྱི་མངའ་འོག་ཏུ་ཚུད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་སྲིད་འདིར་སྙན་པའི་བ་དན་ལང་ལིང་འཕྱུར་བའི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་མཐའ་མཚམས་སུ་མཆིས་ལ།ཡུལ་དེ་རུ་ཤེལ་གྱིས་བཞེངས་པའི་མཆོད་རྟེན་གྱི་རྗེས་སུ་འགྲོ་བའི་ཀེ་ལ་ཤ་དང་།སྲིད་རིང་རྒྱ་དར་གྲོག་རོང་གསེས་སུ་བཅིངས་འདྲའི་དལ་འབབ་ཀྱི་རྒྱུན།གཡུ་སྔོ་པོའི་ཞུན་མ་ཐང་ལ་བཏིང་འདྲ་བའི་ནེའུ་གསིང་བཅས་ལྡན་པའི་ཁར།གསེར་ལྡན་འབྲི་ཆུ་དང་རྫ་ཆུ་དང་རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་གསུམ་པོ་ཡུལ་དེར་མཉམ་གཤིབ་ཀྱིས་འབབ་པས་ངོ་མཚར་དགེ་མཚན་གྱི་དཔལ་ཡོངས་སུ་ངོམས་པའི་ཆུ་གསུམ་མཉམ་བཞུར་གྱི་མཛེས་ལྗོངས་སྲིད་འདིར་བསྐྲུན།དེ་བས་སྙནཔར་གྲགས་པ་ནི་བོད་ཡུལ་གནས་ཆེན་ཁག་བརྒྱད་ཀྱི་གཙུག་རྒྱན་ཞེས་བྱ་བའི་མཚན་སྙན་གྱི་ཅོད་པན་བཞེས་པའི་གནས་ཆེན་ཁ་བ་དཀར་པོ་ཡིན་པ་སྨོས་ཅི།

        སྤྱིར་ཁ་བ་དཀར་པོ་ནི་དང་ཐོག་མར་མགོ་དགུ་ཅན་གྱི་རོང་བཙན་ཞིག་ཡིན་མོད་ཀྱང་དྲིན་ཅན་སློབ་དཔོན་པད་མའི་བྱིན་གྱིན་དཀར་པོའི་ཕྱོགས་སུ་བསྒྱུར་ཞིང་།མཉམ་མེད་ཤཱཀྱའི་སྲས་མཆོག་གི་བསྟན་པ་བྷོ་ཊའི་ཡུལ་དུ་དར་ཞིང་འཕེལ་བ་ལ་བགེགས་དང་བར་མི་འབྱུང་ཆེད།རྩེ་གཅིག་གིས་དེ་སྲུང་སྐྱོང་བྱ་བའི་དམ་བཅའ་བཞག་པར་གྲགས།ཡང་བཤད་སྲོལ་གཞན་ཞིག་ལ་ཁ་བ་དཀར་པོ་ནི་གླིང་སེང་ཆེན་རྒྱལ་པོ་ནོར་བུ་དགྲ་འདུལ་གྱི་མངའ་འོག་གི་དཔའ་རྟུག་ཞིག་ཏུ་གྱུར་ལ་བོད་ཁམས་འདིའི་བདེ་འཇགས་སྲུང་བྱེད་ཀྱི་དམག་དཔོན་དུའང་གྲགས།ངག་རྒྱུན་དུ་མཁས་པས་བཤད་ཅི་ཡང་བདེན་ཞེས་པ་ལྟར་གནས་ཆེན་ཁ་བ་དཀར་པོའི་སྐོར་གྱི་བཤད་སྲོལ་གང་དང་གང་ཞིག་ཡིན་རུང་།དེ་ལའང་དེ་དང་བསྟུན་པའི་རྒྱུ་རྐྱེན་དང་ལུང་པ་གང་ཡིན་པ་གླེང་བ་ནི་གཏན་ལ་ཁེལ་ཡོད།འདིར་འོ་སྐོལ་གྱིས་བཤད་སྲོལ་དེ་དག་ཕུགས་དག་མིན་དང་།ཁུངས་བཙན་མིན་ཐད་ལ་དཔྱད་ཞིབ་བྱས་ཏེ་དུས་ཚོད་འདས་བ་ལས།མི་རིགས་ཀྱི་དམངས་ཁྲོད་རིག་གནས་སུ་རྩིས་འོས་ནའི་བཤད་སྲོལ་གྱི་ཆུ་མོ་དེ་དག་རྒྱུན་ཆད་མེད་པར་མི་རབས་ནས་མི་རབས་བར་སྲིང་ཞིང་རིང་དུ་བཞུར་ཐུབ་ཕྱིར་རང་ཉིད་ཀྱི་ནུས་ཆུང་འབུམ་ན་དགའ།

        དེ་ཡང་རབ་བྱུང་གསུམ་པའི་ཤིང་བྱི་ལོར།ཁམས་འབྲི་ལུང་དུ་བལྟམས་ཤིང་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་བཟུང་སྟེ་བོད་དུ་བྱུང་བའི་བླ་མའི་སྤྲུལ་སྐུ་ཐོག་མ་སྟེ།ཀརྨ་པཀྴི་ཆོས་ཀྱི་བླ་མ་ཞེས་བྱ་བ་དེའང་གནས་ཆེན་ཁ་བ་དཀར་པོ་རུ་ཞབས་ཀྱི་པདྨོ་བཀོད་ཅིང་།རོང་བཙན་ཁ་བ་དཀར་པོའི་ལམ་ཡིག་ཅེས་པ་ཞིག་ཀྱང་སྐུ་ངོ་མས་མཛད།ལམ་ཡིག་དེ་ད་བར་ཡུལ་དེ་གའི་དམངས་ཁྲོད་དུ་ཁྱབ་ཡོད།དེའི་རྗེས་སུ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའང་སྐུ་ཐོག་གོང་མའི་ཞབས་པད་ཀྱི་རྗེས་ཟིན་ཏེ།ཁ་བ་དཀར་པོར་ཆིབས་བསྒྱུར་གནང་ཞིང་གངས་རི་དེར་རབ་གནས་མཛད་དེ་ཀརྨ་བཀའ་བརྒྱུད་ཀྱི་སྒོམ་སྒྲུབ་གནས་མཆོག་གཅིག་ཏུ་བཀོད།སྤྱི་ལོ་༡༩༨༦ལོའི་ཟླ་༡༠པར་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ཀྱང་གནས་ཆེན་ཁ་བ་དཀར་པོའི་ཁ་གཏད་ད་གནས་པའི་ཇོ་བོ་ནམ་མཁའ་བཀྲ་ཤིས་སུ་ཕེབས་ཏེ་གནས་མཇལ་གྱི་མཛད་སྒོ་གནང་ལ་ངོ་མཚར་རྨད་བྱུང་གི་མཛད་པའི་བཤད་སྲོལ་མང་པོ་གྲགས།སྐྱེས་བུ་དམ་པ་དེ་དག་གི་བྱིན་གྱིས་བརླབས་པའི་དབང་གིས་གནས་ཆེན་ཁ་བ་དཀར་པོའི་རྩེ་རུ་ད་བར་འགྲོ་བ་མིའི་རྐང་པས་རྡོག་བརྫིས་གཏོང་མ་ནུས་ལ།མིང་དོན་མཚུངས་པའི་མི་ཡུལ་གྱི་དག་ཞིག་ཏུ་གྱུར།དུས་རབས་སྔོན་མའི་དུས་འགོ་སྤྱི་ལོ་༡༩༠༢ལོ་ནས་བཟུང་།དབྱིན་ཇིའི་རི་འཛེགས་ཉེན་བརྟག་རུ་ཁག་ཅིག་གནས་རི་དེར་འཛེགས་ཀྱང་འབྲས་མེད་ངལ་ལས་སུ་གྱུར།དུས་ཀྱི་འགྲོས་དང་བསྟུན་ཏེ་སྔ་རྗེས་སུ་ཨ་རིའི་རི་འཛེགས་རུ་ཁག་དང་།རི་པན་གྱི་རི་འཛེགས་རུ་ཁགཀྲུང་རི་གཉིས་ཀྱི་མཉམ་འབྲེལ་རི་འཛེགས་རུ་ཁག་ལ་སོགས་པའི་རི་འཛེགས་རུ་ཁག་བཞི་ཡིས་ཁ་བ་དཀར་པོར་འཛེགས་པའི་བྱ་འགུལ་སྤེལ་ཡང་ཚང་མ་ཕམ་པར་གྱུར་ཅིང་།མིའི་རིགས་ལ་རྒྱལ་ཁ་ཐེངས་གཅིག་ཀྱང་ཐོབ་མ་མྱོང་བ་རེད།དེར་བརྟེན་གནས་ཆེན་ཁ་བ་དཀར་པོ་ནི་སྲིད་པ་འཇིག་རྟེན་གྱི་ཁམས་འདི་རུ་འཚོ་བའི་སྐྱེ་བོ་ཀུན་གྱི་སྣང་ངོར་སེང་རས་གཡོགས་འདྲའི་བཞིན་བཟང་མ་ཞིག་ཏུ་གྱུར།
        མདོར་ན་མཐོ་ཚད་ལ་སྨི་༦༧༤༠ལྡན་པའི་གནས་ཆེན་ཁ་བ་དཀར་པོ་ནི་མགོ་ནག་བོད་མིའི་ཡིད་གཏིང་གི་གནས་མཆོག་དང་མི་རིགས་གཞན་དག་གི་མིག་ལམ་དུ་འགྲོ་བའི་མཛེས་ལྗོངས་བླ་ན་མེད་པ་ཞིག་ཡིན་པ་ནི་ཀུན་གྱིས་ཁས་འཆེས་ཡོད།

        སླད་ཆར་གནས་ཆེན་ཁ་བ་དཀར་པོའི་རྒྱུད་དུ་ཆགས་པའི་ཡུལ་ལུང་ཀུན་ནི་སྔར་བཞིན་དྭངས་གཙང་དག་ཞིང་དུ་འགྱུར་ཞིང་།གནས་དེའི་བྱིན་གྱིས་སྲིད་པ་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུག་རྩོད་མི་འབྱུང་བའི་ལེགས་སྨོན་དང་བཅས་ཐལ་མོ་པངྨོའི་ཐིའུ་དབྱིབས་སུ་འཛིན་བཞིན་ཐོད་ལ་སྦྱར་ནས་ཡང་ནས་ཡང་དུ་སྨོན་ནོ།།