དབུ་ཤོག >> སྐྱེ་ཁམས་སྲུང་སྐྱོང་།
ཁོར་ཡུག་སྲུང་སྐྱོབ་སྐོར་བཤད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-16 རྩོམ་ཁུངས། ཁམས་པའི་དྲ་བ།

        སའི་གོ་ལའི་སྟེང་འཚོ་བཞེས་ཀྱི་མུ་སུ་ཡིན་ཡང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་དུས་ནམ་ཡང་བརྗེད་མི་རུང་བའི་དོན་དག་གལ་ཆེན་ཞིག་རེད། བོད་སྔ་རབས་པས་ཁ་རྒྱུན་དུ་ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་།རི་བཟང་བོ་སློག་ན་ས་མི་དགའ།  དྲི་ངན་པ་བདུག་ན་གནམ་མི་དགའ་ཞེས་བཤད་སྲོལ་ཡོད། དེའི་ནང་དོན་ནི་བོད་སྔ་རབས་པ་རྣམས་ཀྱིས་ལྷ་ཀླུ་གཉན་གསུམ་ལ་བཀུར་ཞིང་དད་པས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་བསྟུན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་དེ་ལྟར་བརྗོད་ནའང་། མི་མི་ཉུང་བ་ཞིག་གིས་རྨོངས་དད་ཀྱིས་བཤད་རྒྱུན་ཞིག་ཏུ་གོ་ནས་དོ་སྣང་ཆེར་མ་བྱས་པས།ད་ལྟ་ང་ཚོའི་མཐོང་སྣང་ལ་ས་གཞི་སྐྱ་ཐིང་ཐིང་། ཆུ་བོ་ནག་རོག་གེར། ནམ་མཁའ་སྨུག་ཐུལ་ལེར་འགྱུར་བཞིན་པའི་རྣམ་པ་འདི་བྱུང་བ་རེད། སྤྱིར་ན་འགྲོ་བ་ཡོད་ཚད་ཀྱིས་ལྗང་མདོག་གི་ཁོར་ཡུག་ཅིག་ཏུ་གནས་བཅས་ནས་དྲི་མེད་ཀྱི་གཙང་ཆབ་སྔོན་མོ་ཞིག་འཐུང་འདོད་པ་ནི་ཐུན་མོང་གི་འདོད་ཚུལ་ཞིག་ཡིན་པས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གཏམ་འགའ་གླེང་ན།རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ།རྩྭ་ཐང་ནི་བོད་རིགས་མི་དམངས་མང་ཆེ་བས་ཞིག་འཚོ་གནས་བྱེད་ས་གཙོ་བོ་དང་མི་རྣམས་ཆེས་དགའ་བའི་གནས་བྱེད་ས་གཙོ་བོ་དང་མི་རྣམས་ཆེས་དགའ་བའི་གནས་ཡིན་པར་མ་ཟད། ལྟོ་གོས་མཁོ་སྤྲོད་བྱེད་པའི་འབྱུང་གནས་ཀྱང་ཡིན། དེར་བརྟེན་ནས་ང་ཚོས་ངེས་པར་དུ་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཡིན་ནའང་མི་མི་ཉུང་བ་ཞིག་གིས་རྩྭ་ཐང་ནི་རྒྱ་ཆེ་ཞིང་བཀོལ་མི་ཚར་བ་ཞིག་ཏུ་འདོད་ནས་གང་སར་ཕྱུགས་ར་བསྐོར་བ་དང་། རྩྭ་ས་རྨོ་ཞིང་དུ་བསྒྱུར་ཏེ་རྨོ་འདེབས་བྱེད་པ་སོགས་ཀྱིས་རྩྭ་ཐང་ལ་གཏོང་བརླགས་བྱེད་དེའི་སྟེང་ལ་ཨ་བྲས་གནོད་ཅིང་རང་བྱུང་གི་བྱེ་རྡུལ་གྱིས་ཀྱང་གནོད་པ་གཏོང་བཞིན་ཡོད། དེ་བས་ད་ལྟའི་བར་དུ་རྩྭ་སར་བྱེ་རྡུལ་གྱིས་གནོད་པ་ཇི་འདྲ་བཏང་བ་ནི་བརྗོད་དཀའ་བ་ཞིག་ཡིན།ལོ་འགའི་སྔོན་ནད་མི་རྣམས་ཀྱིས་རང་གི་གནས་སྐབས་ཀྱི་དཔལ་འབྱོང་ཡོང་སྒོ་ཙམ་ལ་དམིགས་ནས་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་མང་པོ་བརྐོས་ནས་རྩྭ་ཐང་ལ་སེམས་ཁུར་བྱེད་མཁན་ཞིག་གིས་མཐོང་ཚེ་ངོ་མ་ཡིད་སྐྱོ་བ་ཞིག་རེད། འདི་ལྟར་མུ་མཐུད་དུ་སོང་ན་རྩྭ་ས་ཞན་འགྱུར་དུ་འགྲོ་བར་གདོན་མི་ཟའོ། །གོང་རིམ་གྱིས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་རབ་དང་རིམ་པས་སྤེལ་ནའང་སྲུང་སྐྱོབ་ཀྱི་ཤུགས་མི་ཆེ་བས་རྩྭ་ཐང་ལ་གནོད་སྐྱོན་ཐེབས་པ་ངོ་མ་ཚབས་ཆེ་བ་ཞིག་རེད།


        སྡོང་འཛུགས་ནགས་སྐྲུན་བྱེད་པ།སྔོ་ལྗང་ནི་ཚེ་སྲོག་ཡིན་ཞེས་པ་ལྟར། ཡོད་ཚད་སྔོ་ལྗང་ལ་དགའ། ལྗང་མདོག་གི་ཁོར་ཡུག་ཅིག་འཛུགས་སྐྲུན་བྱེད་དགོས་ན་སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་ནི་བྱ་བ་གལ་ཆེ་ཞིག་ཡིན། གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་རྫོགས་ཐབས་མེད་པའི་ནགས་ཞེས་གླེང་ནས་ནགས་ཀློང་ལས་ནགས་ཚལ་གང་འདོད་དུ་བཅད་དེ་བག་མེད་དུ་འཛད་སྤྱོད་བྱས་པས། ད་ལྟ་མྱ་ངམ་གྱི་ཐང་དུ་གྱུར་ཡོད་པ་མཐོང་རྒྱུ་ཡོད། ཡང་ས་ཆ་ལ་ལ་རུ་སྡོང་བོ་བརྒྱ་ཕྲག་དུ་མ་བཅད་ནས་ཁང་བ་ལས་བཞིན་ཡོད་པས། ང་ཚོས་ནགས་ཚལ་བཀོལ་སྤྱོད་བྱེད་དགོས་ལ། སྲུང་སྐྱོབ་ཀྱང་བྱེད་དགོས་སོ། དེ་ལྟར་ཡུན་རིང་དུ་ཕྱིན་ན་ནགས་ཚལ་མེད་པར་འགྱུར་བ་དང་། རྩྭ་ས་བྱེ་མས་བསྣུབས་པ་སོགས་ལོ་རེ་ལས་ལོ་རེར་ཇེ་ཐུ་རུ་འགྲོ་ངེས། དེ་བས་འཇིགས་པ་འདི་ལས་ལྡོག་སྟེ། སྔོ་ལྗང་གི་ཁོར་ཡུག་ཅིག་ཏུ་ཡུན་རིང་འཚོ་དགོས་ན་སྡོང་འཛུགས་ནགས་སྐྲུན་ལ་འབད་དགོས་ཞེས་ཁ་ཚོན་བཅད་ནས་བཤད་ཆོག

        ཆུ་ནི་འཇིག་རྟེན་གྱི་གཅེས་ནོར་ཡིན།ཚན་རིག་པ་གྲགས་ཅན་ཧྥི་ལན་ཁེ་ལིན་གྱིས་ཁྲོན་པ་མ་བསྐམས་ན་ཆུ་ཡི་རིན་ཐང་མི་ཤེས། ཞེས་གསུངས་པ་ལྟར། མི་ལ་ལ་ཞིག་གིས་རང་གི་མདུན་དུ་ཆུ་གཙང་མ་ཡོད་ན་འཇིག་རྟེན་དུ་ཆུ་གཙང་མ་མང་བར་འདོད་པ་དང་། སའི་གོ་ལའི་སུམ་ཆའི་གཉིས་ཙམ་ཆུ་ཡིས་ཟིན་པས་ཆ་ལ་སེམས་ཁུར་བྱེད་མི་དགོས་པར་སྙམ་ནས་ཆུ་བག་མེད་དུ་འཕྲོ་བརླགས་ཆེན་པོ་བྱེད་ཀྱིན་ཡོད།


        གོང་གི་འདོད་ཚུལ་འདི་ལ་འགྲེལ་བཤད་ཅིག་རྒྱག་དགོས་ཏེ། སྤྱིར་ན་སའི་གོ་ལའི་བརྒྱ་ཆ་བདུན་ཅུ་ཚེག་བརྒྱད་ཀྱི་རྒྱ་ཁྱོན་ལ་ཆུ་ཡིས་ཁེངས་མོད། འོན་ཀྱང་དེའི་ཁྲོད་ཀྱི་བརྒྱ་ཆ་དགུ་བཅུ་གོ་བདུན་ཚེག་ལྔ་ཙམ་ནི་ཚྭ་ཆུ་ཡིན་པས་འཐུང་ཆུ་བྱེད་མི་རུང་། ལྷག་མའི་བརྒྱ་ཆ་གཉིས་ཚེག་ལྔ་ཙམ་ཟིན་པའི་ཆུ་གཙང་མའི་ཁྲོད་ཀྱི་བརྒྱ་ཆ་བརྒྱད་ཅུ་གྱ་བདུན་ལྷོ་བྱང་སྣེ་གཉིས་དང་། མཐོ་སྒང་གི་འཁྱག་རོམ། གངས་རི་བཅས་ཀྱིས་བཟུང་བས་ང་ཚོས་བཀོལ་སྤྱོད་བྱེད་དཀའ་བས། ད་ལྟ་འཛམ་གླིང་གི་མི་མང་པོ་ཞིག་ལ་འཐུང་ཆུའི་དཀའ་ངལ་ཆེ། ཚན་རིག་པས་ཚོད་དཔག་བྱས་པ་ལྟར་ན། ད་ལྟ་ཆུ་ཡི་དཀའ་ངལ་བྱུང་བའི་མི་གྲངས་དུང་ཕྱུར་གཅིག་ལ་བསླེབས་ཡོད་ཅེས་བརྗོད་པས། ང་ཚོས་དུས་ད་ལྟ་ནས་ཆུ་གྲོན་ཆུང་བྱེད་དགོས་ཤིང་། འཛད་སྤྱོད་ཆེ་བའི་ལས་ཁུངས་སམ་མི་སྒེར་ལ་སློབ་གསོ་བཏང་ནས་མ་འོངས་པའི་འཇིག་རྟེན་སྤྱི་དང་རང་གི་བུ་རབས་ཚ་རྒྱུད་རྣམས་ཀྱི་ཆེད་དུ་ཆ་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས་སོ།