བེའུ་ལུག་ལོ་སར།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-15   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།


        བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནི་བོད་ཀྱི་བེའུ་ལུག་ལོ་སར་ཡིན་ལ།  ཁམས་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ་ཉིན་འདིར་ཁྱིམ་གྱི་བེའུ་དང་ལུ་གུ་རྣམས་གྲང་ལྷགས་ཆེ་བ་དང་རྩྭ་ཆུ་ཞན་པའི་དགུན་ཁའི་སྐྱ་ཟད་སྔོ་རྡུགས་སུ་ཕྱིར་མི་བཏང་བར། དྲོལ་ཁོལ་ལྡན་པའི་ཁྱིམ་དུ་གཟན་ཆག་གྱ་ནོམ་པར་ལོངས་སུ་སྤྱོད་བཅུག་པའི་སྲོལ་ཡོད་ཅིང་།  བེའུ་རྫི་དང་ལུག་རྫིའི་བྱིས་པ་རྣམས་ཀྱང་ཉིན་འདིར་ངལ་གསོ་ཆོག་པ་མ་ཟད། ཁྱིམ་གྱི་བཟའ་བཅའ་ཡང་ནམ་རྒྱུན་དང་མི་འདྲ་བར་ཀ་ར་མངར་གསུམ་གྱི་སྡེར་ཁ་བཤམས་ཤིང་རོལ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་གཡོ་སྐོལ་བྱེད་པའི་སྲོལ་ཡོད་པས། བྱིས་པ་ཚོས་རྒྱུན་དུ་བེའུ་ལུག་ལོ་སར་ལ་སྒུག་ནས་བསྡད་ཡོད།
        བེའུ་ལུག་ལོ་སར་ཞེས་མི་ཐོགས་པའི་རྒྱུ་མཚན་ལ་ཅུང་ཙམ་དཔྱད་ན་ཤིན་ཏུ་རྟོགས་སླ་སྟེ།  གོང་དུ་སྨྲས་པ་ལྟར་བེའུ་དང་ལུ་གུ་སོགས་སྒོ་ཕྱུགས་ཆུང་གྲས་རྣམས་ལ་གཙིགས་སུ་འཛིན་པའི་ལུགས་ལས་མ་འདས་ཤིང་། འདི་ལྟ་བུའི་ལུགས་སྲོལ་བོད་ལ་སྔར་མེད་པ་མ་ཡིན་ཏེ། དཔེར་ན་ངག་རྒྱུན་དུ་མིའི་གནམ་གང་ནི་ཁྱིའི་ཚེས་གཅིག་རེད་ཟེར་བ་ལྟར།  གནམ་གང་དུ་ཁྱིའི་ལོ་སར་རམ་ཚེས་གཅིག་ཡིན་ཟེར་ནས་ཁྱི་ལ་ལྟོ་བཟང་པོ་བླུད་པ་དང་ཤ་དུམ་སོགས་ལྷག་མ་སྦྱིན་སྲོལ་ཡོད། གཞན་ཡང་བོད་ཆོས་ལྡན་གྱི་ཡུལ་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བདག་པས་གཞན་གཅེས་ཀྱི་ལུགས་སྲོལ་མ་ཉམས་པའི་ཡུལ་གྲུ་ཁྱད་པར་བ་ཞིག་ཡིན་ཕྱིར། རང་གི་ཁྱིམ་མི་ཉེ་འབྲེལ་སོགས་ལས་ཕུད་པའི་ཁྱིམ་གྱི་སྒོ་ཕྱུགས་དུད་འགྲོ་ཡན་ཆོད་ཁྱིམ་གྱི་ཡ་གྱལ་ལ་བརྩིས་ཏེ་བྱམས་སྐྱོང་བྱེད་པའི་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས། སྒོ་ཕྱུགས་ཆུང་གྲས་དག་ལ་ལྷག་ཏུ་ལོ་སར་གྱི་དུས་སྟོན་ཞིག་གཏན་ཁེལ་བྱས་པའང་ལུགས་དང་མཐུན་པ་སེམས།
        ད་དུང་བེའུ་ལུག་ལོ་སར་ལ་ལོ་ཆུང་ངམ་སོ་ནམ་ལོ་སར། ཤར་ཕྱོགས་ལོ་སར་དང་ལུགས་རྙིང་ལོ་སར་སོགས་མིང་འདྲ་མིན་ཤིན་ཏུ་མང་ཡང་། དེ་དག་ནི་བོད་ཀྱི་ཞིང་འབྲོག་གི་འཚོ་བའི་ཁྱད་པ་སོགས་ལས་བྱུང་བ་ཡིན་པར་གདོན་མི་ཟ་སྟེ། བེའུ་དང་ལུག་སོགས་གནག་གྱི་རིགས་ནི་འབྲོག་པའི་བརྟེན་ཡུལ་གཙོ་བོ་དེ་ཡིན་པས། དེ་ལ་གཙིགས་སུ་འཛིན་ནས་ལོ་སར་གཏོང་བ་ནི་ལུགས་དང་མཐུན་ཞིང་། བེའུ་ལུག་ལོ་སར་གྱི་སྲོལ་འདིའང་གཙོ་བོ་ཁམས་ཕྱོགས་ཀྱི་འབྲོག་ཁུལ་དང་རོང་འབྲོག་སྦྲགས་མའི་ས་ཁུལ་དུ་དར་སྲོལ་ཆེ། ཞིང་པ་ནི་གཙོ་བོ་སོ་ནམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། ཟླ་འདི་ནས་སོ་ནམ་གྱི་བྱ་གཞག་དུ་མ་ཞིག་ལ་སྟ་གོན་ནམ་འགོ་བཙུགས་བཞིན་ཡོད་པས། ངང་ངམ་ཤུགས་ཀྱིས་དེ་ལ་སོ་ནམ་ལོ་སར་བརྗོད་པར་འོས་ཤིང་། དེང་དུས་བོད་ལྗོངས་ས་ཁུལ་གྱི་རོང་ཁུལ་འགའ་ཤོས་དང་རོང་འབྲོག་སྦྲགས་མའི་ས་ཁུལ་ལམ་འབྲོག་ཁུལ་ཁ་ཤས་སུ་ཡང་དར་ཁྱབ་འགྲོ་བཞིན་མཆིས་ལ། ཁྱད་པར་དུ་མངའ་རིས་ས་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ། ཟླ་བ་བཅུ་གཉིས་པའི་ནང་ལོ་སར་གཏོང་སྲོལ་གྱི་སྐོར་ལ《ཞང་ཞུང་སྲིད་པའི་གྲེ་འགྱུར》ཞེས་པ་སོགས་ལས་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་དགུ་ཐུག་འཐུང་བ་དང་། དགུ་གཏོར་མེ་རོ་དབྱུགས་པ་བཅས་བྱེད། ཚེས་སུམ་ཅུ་ཉིན་ཐབ་གཟན་ཟ་བ། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཞོགས་པ་སྔ་པོ་ནས་ནང་མི་རྒན་གཞོན་ཚང་མ་གཟབ་མཆོར་སྤྲད་ནས་རྒན་གྲས་ལ་གུས་ཕྱག་བྱེད་ཅེས་སོགས་གསལ་བར་གཞིགས་ན་མངའ་རིས་ཁུལ་སོགས་སུ་སྔར་ནས་ཀྱང་སོ་ནམ་ལོ་གསར་འདི་གཏོང་བཞིན་ཡོད་པ་རྟོགས་ཐུབ།
        འོན་ཏེ་དེང་དུས་མདོ་སྨད་ཀྱི་ས་ཁུལ་མང་ཤོས་ཤིག་ལ་འདིའི་ལུགས་སྲོལ་མི་འདུག་ཀྱང་།  གནའ་རབས་སུ་མེད་པར་ཁ་ཚོན་གཅོད་མི་ནུས་ལ།  རྗེས་སུ་རིག་གནས་གཞན་པའི་གནོན་ཤུགས་སམ་ཡང་ན་ལོ་རྒྱུས་ཀྱི་འཁོར་འགྲོས་འོག་སྟོང་པའི་དབྱིངས་སུ་ཐིམ་པའང་ཡིན་སྲིད།།