དེང་རབས་ཀྱི་ཞོ་སྟོན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-14   རྩོམ་ཁུངས།    མི་དམངས་དྲ་བ།


        ཟླ་8ཚེས་11ཉིན་ནི་2018ལོའི་ལྷ་སའི་ཞོ་སྟོན་གྱི་ཉིན་དང་པོ་ཡིན་ཞིང་། ལྷ་སའི་མི་དམངས་ཀྱིས་ལོ་རེའི་རིག་གནས་ཡུལ་སྐོར་དུས་སྟོན་དེ་བསུས་ཡོད། ཤེས་རྟོགས་བྱུང་པར་གཞིགས་ན། ད་ལོའི་ཞོ་སྟོན་གྱི་བྱེད་སྒོ་རབ་དང་རིམ་པའི་ནང་སྲོལ་རྒྱུན་གྱི་གོས་སྐུ་བཤམས་པ་དང་ལྷ་མོ་འཁྲབ་སྟོན་ཙམ་མ་ཟད། ད་དུང་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་དང་གཡག་རྒྱུག  ཐང་ག་འགྲེམས་སྟོན། སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་འགྲེམས་སྟོན། ཚོང་འགུག་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ། ལྷ་ས་—གནམ་མཚོའི་གོམ་བགྲོད་ཚོགས་ཆེན་སྐབས་བཅུ་གཉིས་པ།  ལྷ་སའི་ཞོ་སྟོན་གྱི་ཚོང་ཟོག་སྤུས་ལེགས་གྲགས་ཅན་ཉོ་ཚོང་འདུ་ཚོགས་དང་། དེ་བཞིན“དྲ་ཐོག་གི་ཞོ་སྟོན”གྱི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་སྒོ་སོགས་སྤེལ་ཡོད།
        ཞོ་སྟོན་ནི་ལྷ་སའི་ལོ་གཅིག་ནང་གི་བོད་ཀྱི་ལོ་གསར་དང་འདྲ་བའི་དུས་སྟོན་ཞིག་ཡིན་ལ། འབྲེལ་ཡོད་མཁས་དབང་གིས་ངོ་སྤྲོད་གནང་བར་གཞིགས་ན། གནའ་སྔ་མོ་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་སོགས་ཀྱིས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་སུ་དབྱར་གནས་ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན། གོམས་སྲོལ་དེ་གཏན་ཆགས་སུ་ཡུན་དུ་གནས་ཐུབ་པ་བྱུང་ཡོད། དེ་ནི་ཞོ་སྟོན་གྱི་འབྱུང་ཁུངས་ཡིན་ལ། ཆོས་ལུགས་ཀྱི་དུས་ཆེན་ཞིག་ཀྱང་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ལྷ་མོ་འཁྲབ་སྟོན་བྱེད་པའི་སྲོལ་བཙུགས་རྗེས། རིམ་བཞིན་འཇིག་རྟེན་པའི་ལུགས་ཀྱི་ངོ་བོ་གྱུར་ཡོད་ཅིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་དུས་སྐབས་སུ་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་སྟོན་བྱེད་པ་དེ་ཞོ་སྟོན་དངོས་སུ་དམངས་ཀྱི་དུས་ཆེན་ཞིག་ཏུ་གྱུར། 
        2006ལོའི་ཞོ་སྟོན་དང་ལྷ་མོའི་ཟློས་གར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་དང་པོའི་ནང་བཅུག་ཡོད། མངོན་མིན་རིག་གནས་ཤུལ་བཞག་སྔར་ལས་ལྷག་པར་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཆེད། ཞོ་སྟོན་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ནས། “སྲིད་གཞུང་གིས་སྣེ་ཁྲིད་དང་། ཚོང་རའི་འཁོར་རྒྱུག  སྤྱི་ཚོགས་ཐེ་ཞུགས”བཅས་ཀྱི་རྣམ་པའི་ཐོག་ནས་འཁོར་སྐྱོད་བྱེད་ཀྱི་ཡོད། གོས་སྐུ་བཤམས་པ་དང་ལྷ་མོའི་འཁྲབ་སྟོན། གླིང་གའི་སྤྲོ་གསེང་བཅས་རྣམ་པ་གསུམ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དེང་རབས་ཅན་གྱི་བྱེད་སྒོ་ནང་དུ་བཅུག་སྟེ། དེང་རབས་ཀྱི་ལུས་རྩལ་འགྲན་བསྡུར་དང་། ཚོང་དོན་ངོ་འཕྲད་གྲོས་མོལ། ཚོང་ཟོག་འགྲེམས་ཚོང་། ཚོང་དང་མ་རྩ་འདྲེན་འགུག  དབུ་ཚོགས་གླེང་སྟེགས་སོགས་དང་ཟུང་འབྲེལ་བྱས་ཏེ་འཛམ་གླིང་ཡོངས་ལ་མཆོག་གྱུར་དང་ཕལ་པ་དང་། སྲོལ་རྒྱུན་དང་དེང་རབས་མཉམ་དུ་གནས་པའི་དམངས་སྲོལ་གྱི་སྟོན་མོ་གཟབ་རྒྱས་ཤིག་མངོན་ཡོད་ལ། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད།
        ཡུལ་སྐོར་བ་རྣམས་ཀྱིས་ཞོ་སྟོན་རིང་གི་རིག་གནས་ལེ་ཚན་ནང་ཞུགས་པ་བརྒྱུད། ལྷ་སའི་དངོས་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་ལྟ་སྐོར་དང་རོལ་མྱོང་བྱེད་ཆོག་ལ། བོད་ཀྱི་རིག་གནས་ལ་སྔར་བའི་རྒྱུས་ལོན་བྱེད་པ་དང་། སྨྱན་སྦྱོར་གསར་པ་བརྒྱུད་དེ་ཁྱབ་སྤེལ་བཏང་སྟེ། བོད་ལྗོངས་ཀྱི་རིག་གནས་ཁྱབ་སྤེལ་བྱེད་མཁན་དུ་གྱུར་ནས་བོད་ལྗོངས་ཀྱི་རིག་གནས་སྔར་ལས་བརྒྱུད་སྒྲོག་ཡོང་བར་ཕན་པ་ཡོད། དུས་མཚུངས་སུ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ལྗོངས་སུ་ལས་ཞུགས་ཀྱི་གོ་སྐབས་མང་པོ་གསར་སྐྲུན་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་བ་དེས་ཞོ་སྟོན་གྱི་དཔལ་འབྱོར་རིན་ཐང་མངོན་གྱི་ཡོད། 
        དེང་རབས་ཀྱི་ཞོ་སྟོན་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། དམངས་སྲོལ་རིག་གནས་ཀྱི་དུས་ཆེན་རྐྱང་པ་ཞིག་ནས་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་གོང་འཕེལ། མཐུན་སྒྲིལ་འཆམ་མཐུན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཀྱི་དུས་ཆེན་ཞིག་ཏུ་གྱུར་ཡོད་པས། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ་མངོན་ཡོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། རིག་གནས་གོང་འཕེལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བདེན་དཔང་བྱས་ཡོད། དེའི་ཐོག་ནས་བོད་ལྗོངས་མང་ཚོགས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་སྤོབས་སེམས་བཅས་མཚོན་ཐུབ་ཀྱི་ཡོད།