དབུ་ཤོག >> བོད་ཀྱི་ལོ་རྒྱུས།
བོད་ཀྱི་གནའ་ཤུལ་གྲགས་ཅན་འགའ་ངོ་སྤྲོད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-13 རྩོམ་ཁུངས། བཙན་པོ་རིག་གནས།


ཡུམ་བུ་བླ་སྒང་།

        ༡.ཡུམ་བུ་བླ་སྒང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོངརྫོང་ཕོ་བྲང་ཤང་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་བོའི་ཐོག་ཏུ་བཞེངས་ཡོད། དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའིསྐུ་དུས་སུ་བཞེངས་ཤིང་།  ཕོ་བྲང་དེ་ནི་བོད་ཀྱི་མཁརསྔ་ཤོས་ཡིན།  ཕོ་བྲང་དེ་རྒྱབ་མདུནགཉིས་སུ་དབྱེ་བ་སྟེ་མདུན་དུ་མཆོད་ཁང་སྟེང་འོག་དང་རྒྱབ་ཏུ་མཁར་རྫོང་རྩེ་མོ་གསེར་ཟངས་རྒྱ་ཕིབསཀྱིས་བརྒྱན་པ་ཞིག་ཡོད།

        ༢.འདུ་ཁང་ནང་དུ་རྟེན་གཙོ་གསེར་ཟངསལས་གྲུབ་པའི་ཇོ་བོ་ནོར་བུ་བསམ་འཕེལ་ལ་སོགས་བཞུགས་ཡོད་པ་དང་། སྟེང་ཁང་དུ་ཙན་དནལས་གྲུབ་པའི་འཕགས་པ་ལོ་ཀེ་ཤཱ་རའི་སྐུ་བརྙན་སོགས་བཞུགས་ཡོད།

        ༣.ཡུམ་བུ་བླ་སྒང་ནི་བོད་རྒྱལ་སུའི་སྐུ་དུས་སུ་ཡུལ་གང་དུ་ཕྱག་བཏབ།

ལན་དུ།  བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཤང་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་བོའི་ཐོག་ཏུ་ཕྱག་བཏབ།

        ༤.བོད་ཀྱི་མཁར་སྔ་ཤོས་དེ་གང་ཡིན།   མིང་དེ་ལྟར་འབོད་དགོས་དོན་གང་ཡིན།

ལན་དུ།  བོད་ཀྱི་མཁར་སྔ་ཤོས་ནི་ཡུམ་བུ་བླ་སྒང་དུ་གྲགས།  མིང་དེ་ལྟར་འབོད་དོན་ནི་ཤྭ་བ་ཡུ་མོའི་བརླ་དང་འདྲ་བའི་རི་བོའི་སྟེང་དུ་ཆགས་པས་ན་དེ་སྐད་ཅེས་སོ།

        ༥.བོད་ཀྱི་བཙན་པོ་སྔ་ཤོས་དེ་སུ་ཡིན།     མིང་དེ་ལྟར་འབོད་དགོས་དོན་གང་ཡིན།

ལན་དུ།  བོད་ཀྱི་བཙན་པོ་སྔ་ཤོས་ནི་གཉའ་ཁྲི་བཙན་པོ་ཞེས་སོ།  མིང་དེ་ལྟར་འབོད་དོན་རྒྱལ་པོ་འཚོལ་མཁན་ཚོས་གཉའ་བར་ཁྲི་བྱས་ཏེ་བཏེགས་པས་དེ་སྐད་ཅེས་སོ།

        ༦.གཉའ་ཁྲི་བཙན་པོ་ཆུང་དུས་ཇི་འདྲ་ཞིག་ཡོད་དམ།

ལན་དུ།  སྤོ་བོའི་ཡུལ་དུ་བྱ་མོ་བཙུན་ཞེས་པའི་བུད་མེད་གཅིག་ལ་ཕྲུ་གུ་དགུ་སྐྱེས་པ་ལས་ཆུང་ཤོས་དེ་ཡིན།  མིང་ལ་ཨུ་བེ་ར་ཟེར་ཞིང་བཞིན་རས་མཛེས་ལ་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་ཡིན། དེ་ཡུལ་མི་ཀུན་གྱིས་གདོན་འདྲེར་བརྩིས་ཏེ་ཕྱིར་ཕུད་པ་ཞིག་ཡིན་ནོ།

        ༧.ཡུམ་བུ་བླ་སྒང་བོད་རྒྱལ་སུའི་སྐབས་སུ་བཞེངས་པ་དང་དེའི་གནས་ཡུལ་དང་མཁར་གྱི་མཐོ་ཚད་རྟེན་གཙོ་གང་ཡིན་པ་བཅས་ཤོད་དགོས།

ལན་དུ། ཡུམ་བུ་བླ་སྒང་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བཞེངས་ཤིང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཤང་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་བོའི་ནུབ་ངོས་ཀྱི་གཡོན་རིའི་ཐོག་ཆགས་ཡོད་ལ་མཁར་དེའི་མཐོ་ཚད་ལ་ཐོག་རྩེགས་དགུ་ཙམ་ཡོད་པ་དང་རྟེན་གཙོར་འདུ་ཁང་ནང་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ནོར་བུ་བསམ་འཕེལ་སོགས་དང་སྟེང་ཁང་དུ་བཙན་དན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་སོགས་བཞུགས་སོ།

        ༨.བོད་རྒྱལ་དང་པོར་གཉའ་ཁྲི་བཙན་པོ་ཞེས་བརྗོད་དགོས་དོན་གང་ཡིན།

ལན་དུ།  ཕྱུགས་རྫི་བ་རྣམས་ཀྱི་གཉའ་བར་ཁྲི་བྱས་ཏེ་བཏེགས་པས་གཉའ་ཁྲི་བཙན་པོ་ཞེས་བརྗོད།


ཕོ་བྲང་པོ་ཏ་ལ།

        ༡.ཕོ་བྲང་པོ་ཏ་ལ་ནི་ས་ཆ་གང་གི་རི་བོ་ཅི་འདྲ་ཞིག་གི་སྟེང་དུ་བཞེངས་ཡོད་པ་དང་བོད་རྒྱལ་སུའི་སྐུ་དུས་སུ་བཞེངས་པ་ཡིན།

ལན་དུ། ཕོ་བྲང་པོ་ཏ་ལ་ནི་བོད་གངས་ཅན་གྱི་ཡུལ་དབུས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་དམར་པོ་རི་ཞེས་གླང་པོ་ཆེ་ཕྲེད་དུ་ཉལ་བ་ལྟ་བུའི་རི་སྟེང་དུ་ཆགས་ཤིང་།  སྤྱི་ལོ་༦༣༡ལོར་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས།

        ༢.ཕོ་བྲང་པོ་ཏ་ལར་མཐོ་ཚད་དང་རྒྱ་ཁྱོན་སོགས་ཇི་ཙམ་ཡོད་པ་དང་དེ་ཇི་ལྟར་བཞེངས་པ་ཡིན།

ལན་དུ། ཕོ་བྲང་འདིར་ཐོག་རྩེག་༡༣ཡོད་ཅིང་མཐོ་ཚད་ལ་སྨི་༡༡༧དང་ཤར་ནས་ནུབ་བར་གྱི་རིང་ཚད་ལ་སྨི་༤༠༠ལྷག་ཙམ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༡༣༠༠༠༠ཙམ་ཡོད་ཅིང་དེ་ནི་བྲག་རིའི་ཐོག་ཁྲོ་ཆུ་བླུགས་ཤིང་རྡོ་བརྩིགས་ཏེ་རྨང་བཏིང་བ་དང་གྱང་ནི་རྡོ་དང་ཨར་ཀ་རིམ་པ་རེ་བྱས་ནས་བརྩིགས་སོ།

        ༣.ཕོ་བྲང་པོ་ཏ་ལ་ནི་ཕོ་བྲང་གང་གཉིས་ལས་གྲུབ་པ་ཡིན།

ལན་དུ།  ཤར་གྱི་ཕོ་བྲང་དཀར་པོ་དང་ནུབ་ཀྱི་ཕོ་བྲང་དམར་པོ་གཉིས་ལས་གྲུབ་པ་ཡིན།

        ༤  རྒྱལ་པོ་ཐང་ཐའེ་ཙུང་གིས་ཕོ་ཉ་རྣམས་ལ་རིག་པ་གང་དང་གང་འགྲན་དུ་བཅུག་འདུག

ལན་དུ། དང་པོ། རྒྱལ་པོའི་བླ་གཡུ་མིག་དགུ་ཅན་ལ་དར་ཡུག་རྒྱུ་ཐུབ་མིན་འགྲན་པ་དང་གཉིས། རྒོད་མ་མ་བུ་ཆེ་ཆུང་བརྒྱ་བསྟན་ནས་མ་བུ་ངོ་ཤེས་སུ་འཇུག་པ།  

གསུམ། ནམ་གུང་ལ་རང་རང་གི་ཁང་པ་འཚོལ་བ་བཅས་ཀྱི་རིག་པ་འགྲན་དུ་བཅུག་གོ།

        ༥   པོ་ཏ་ལ་ཞེས་པའི་གོ་དོན་གང་ཡིན།

ལན་དུ། པོ་ཏ་ལ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཞིང་བོད་སྐད་དུ་རི་བོ་གྲུ་འཛིན་ཟེར།


གཙུག་ལག་ཁང་རྣམ་གཉིས།

        ༡.ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་དེ་གཉིས་རྒྱལ་པོ་སུའི་སྐབས་སུ་བཞེངས་པ་དང་གང་གི་ཆེ་དུ་བཞེངས་པ།  དེ་གཉིས་ས་ཆ་གང་དུ་ཆགས་ཡོད།

ལན་དུ། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་དེ་གཉིས་ནི་གྲོང་ཁྱེར་ལྷ་སའི་དབུས་སུ་གནས་ཡོད་པ་དང་།  སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཏེ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བལ་བཟའ་ཁྲི་བཙུན་དང་རྒྱལ་བཟའ་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་བཙུན་མོར་བཞེས་ཤིང་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་ཇོ་བོ་མི་བསྐྱོད་རྡོར་རྗེ་དང་།  རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ཡང་ལྷ་སར་གདན་དྲངས།  རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་ལ་ཇོ་བོ་རྣམ་གཉིས་ལ་བཞུགས་ཡུལ་ལྷ་ཁང་རེ་བཞེངས་དགོས་པ་འདུག་དགོངས་ཏེ་གཙུག་ལག་ཁང་དེ་གཉིས་བཞེངས་སོ།

        ༢.ལྷ་སའི་གཙུག་ལག་ཁང་རྣམ་གཉིས་གང་དང་གང་ཡིན།

ལན་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་གཉིས་སོ།

        ༣.གཙུག་ལག་ཁང་དེ་གཉིས་བོད་ཀྱི་ས་ཆ་གང་དུ་གནས་ཡོད་དམ།

ལན་དུ་གཙུག་ལག་ཁང་དེ་གཉིས་ནི་ལྷ་ས་གྲོང་ཁྱེར་གྱི་དབུས་སུ་གནས་ཡོད།

        ༤.རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་རྒྱལ་པོ་སུའི་བཙུན་མོ་རེད།

ལན་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ཡིན།

        ༥.བཙུན་མོ་རྣམ་གཉིས་ཀྱིས་གཙུག་ལག་ཁང་གང་དང་གང་བཞེངས་པ་དང་རྟེན་སྐལ་གང་དང་གང་ཡིན་ནམ།

ལན་དུ་རྒྱ་ནག་གི་བཙུན་མོ་རྒྱ་བཟའ་ཀོང་ཇོས་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་བཞེངས་གནང་བ་དང་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་ཡིན་པ་དང་བལ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཤིང་རྟེན་སྐལ་ཇོ་བོ་མི་སྐྱོད་རྡོ་རྗེའི་སྐུ་བརྙན་ཡིན་ནོ།

        ༦.རྒྱུ་རྐྱེན་གང་ལ་བརྟེན་ནས་རྟེན་གཙོ་གཉིས་གོ་བརྗེས་ཐེབས་པ་དང་ད་ལྟ་ཇོ་བོ་རྣམ་གཉིས་གང་དང་གང་དུ་བཞུགས་ཡོད།

ལན་དུ་དམག་འཁྲུག་གི་རྐྱེན་པས་ཇོ་བོ་རྣམ་གཉིས་བཞུགས་གནས་ཕན་ཚུན་བརྗེས་པ་དང་ད་ལྟ་རྒྱ་བཟའི་རྟེན་སྐལ་ཇོཕ་བོ་ཤྰཀྱ་མུ་ནེ་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པ་དང་བལ་བཟའི་རྟེན་སྐལ་ཇོ་བོ་མི་སྐྱོད་རྡོ་རྗེ་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་ཡོད།

        ༧.གཙུག་ལགཁང་དེ་གཉིས་དུས་ནམ་ཞིག་ལ་བཞེངས་པ་དང་ད་བར་ལོ་ངོ་ཅི་ཙམ་སོང་ཡོད།

ལན་དུ་གཙུག་ལག་ཁང་དེ་གཉིས་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་བཞེངས་པ་དང་ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་སོང་ཡོད།

        ༨.གཙུག་ལག་ཁང་རྣམ་གཉིས་ལས་ལོ་རྒྱུས་ཀྱི་དོན་སྙིང་ཅི་ཞིག་མཚོན།

ལན་དུ་གཙུག་ལག་ཁང་དེ་གཉིས་ཀྱི་ཕྱི་ནང་བཟོ་སྐྲུན་གྱི་བཀོད་པ་དང་རིན་ཐང་བྲལ་བའི་རིག་དངོས་སོགས་ལས་བོད་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་མཚོན་པ་མ་ཟད་མི་རིགས་ཁག་དབར་ལག་རྩལ་སྤེལ་རེས་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བའང་མཚོན། བསམ་ཡས་གཙུག་ལག་ཁང་དེ་དུས་རབས་གང་ལ་བཙན་པོ་སུའི་སྐུ་དུས་སུ་ས་ཆ་གང་དུ་བཞེངས་པ་རེད།


བསམ་ཡས་གཙུག་ལག་ཁང་།

        ༡.བསམ་ཡས་གཙུག་ལག་ཁང་དེ་དུས་རབས་གང་ལ་བཙན་པོ་སུའི་སྐུ་དུས་སུ་ས་ཆ་གང་དུ་བཞེངས་པ་རེད།

ལན་དུ།བསམ་ཡས་གཙུག་ལག་ཁང་ནི་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་ཀ་ཆུའི་ཐང་དུ་ཆགས་ཡོད་ལ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཕྱག་བཏབ།

        ༢.བསམ་ཡས་གཙུག་ལག་ཁང་གི་འཛུགས་སྐྲུན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་དང་ལྡན་ནམ།

ལན་དུ།གཙུག་ལག་ཁང་འདིའི་ཕྱིའི་བཀོད་པ་ལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་དང་བཅས་ཡོངས་སུ་ཚང་བ་དང་ནང་གི་གཙུག་ལག་ཁང་ནི་ཐོག་རྩེགས་རིམ་པ་གསུམ་དང་ལྡན་ཞིང་བཟོ་སྐྲུན་གྱི་བཀོད་པའི་ཐད་འོག་ཐོག་བོད་ཀྱི་ལུགས་སུ་རྡོ་ལས་བཞེངས་པ་དང་། བར་ཐོགས་རྒྱ་ནག་གི་ལུགས་སུ་སོ་ཕག་ལས་བཞེངས་པ་སྟེང་ཐོག་རྒྱ་གར་གྱི་ལུགས་སུ་ཤིང་ལས་བཞེངས་པ་སོགས་ཀྱི་ཁྱད་ཆོས་ངོ་མཚར་ཅན་ལྡན་ཡོད།

        ༣.བསམ་ཡས་གཙུག་ལག་ཁང་སྒོ་འགྲམ་གྱི་རྡོ་རིང་ཐོག་བརྐོས་པའི་ཡིག་གཟུགས་དེའི་མིང་ལ་ཅི་ཟེར།

ལན་དུ། མུ་ཏིག་སྟར་ལ་བརྒྱུས་འདྲའི་ཡིག་གཟུགས་ཟེར།

        ༤.བསམ་ཡས་གཙུག་ལག་ཁང་གི་མཚན་ཆ་ཚང་ལ་གང་ཟེར་རམ།  མཚན་གཞན་ལ་གང་ཟེར་རམ

ལན་དུ།  དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཟེར།མཚན་གཞན་ལ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལགཁང་ཞེས་ཟེར།

        ༥.བསམ་ཡས་གཙུག་ལག་ཁང་གི་མཆོད་བརྟེན་བཞི་པོའི་གནས་སྟངས་གང་འདྲ་ཡིན།

ལན་དུ།  བྱང་ཤར་མཚམས་སུ་མཆོད་རྟེན་སྔོན་པོ་དང་། ནུབ་བྱང་མཚམས་སུ་མཆོད་རྟེན་ནག་པོ། ཤར་ལྷོའི་མཚམས་སུ་མཆོད་རྟེན་དཀར་པོ། ལྷོ་ནུབ་མཚམས་སུ་མཆོད་རྟེན་དམར་པོ་བཅས་སོ།

        ༦.བསམ་ཡས་རྡོ་རིང་གི་ཡི་གེ་སུས་བྲིས། ཡིག་གཟུགས་གང་ཡིན་ནམ།

ལན་དུ།  ཡིག་མཁན་བྷ་ཤོ་ཁྲམ་གྱིས་བྲིས་པའི་མུ་ཏིག་སྟར་ལ་བརྒྱུས་འདྲའི་ཡིག་གཟུགས་དེ་ཡིན།

        ༧.སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པ་དེས་ཕན་ཐོགས་གང་བྱུང་ཡོད།

ལན་དུ། བོད་ཡུལ་དུ་རིག་གནས་སློབ་གསོ་དར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།

        ༨.བསམ་ཡས་གཙུག་ལག་ཁང་དེ་རིམ་པ་གང་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་སུ་གཏོགས་སམ།

ལན་དུ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས


ས་སྐྱ་དགོན་པ།

        ༡.ས་སྐྱ་དགོན་པ་ནི་བོད་ལྗོངས་ཀྱི་ས་ཁུལ་གང་དུ་གནས་ཡོད་པ་དང་དེ་ཕྱག་བཏབ་མཁན་སུ་ཡིན་པ་དང་ཕྱག་བཏབ་པའི་དུས་ཚོད།

ལན་དུ།ས་སྐྱ་དགོན་པ་ནི་བོད་ལྗོངས་གཞི་རྩེ་ས་ཁུལ་ས་སྐྱ་རྫོང་གི་བྱང་ངོས་དཔོན་པོ་རིའི་འདབས་སུ་གནས་ཡོད་ཅིང་དུས་རབས་བཅུ་གཅིག་པ་སྟེ་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ།

        ༢.རྒྱུ་མཚན་ཅིའི་ཕྱིར་ས་སྐྱ་དགོན་པ་ཞེས་བཏགས།

དགོན་པ་འདེབས་ཡུལ་གྱི་ས་དཀར་ཞིང་སྣུམ་པས་ཡུལ་དེའི་སའི་ཁ་དོག་ལ་གཞིགས་ནས་ས་སྐྱ་དགོན་ཞེས་བཏགས་སོ།

        ༣.མི་བཞིས་ཐེག་ཙམ་ཡོད་པའི་པོ་ཏི་དེའི་མིང་ལ་གང་ཟེར་སུས་སུ་ལ་གནང་བ་ཡིན།

ལན་དུ།པོ་ཏི་དེའི་མིང་ལ་ཆོས་ཀྱི་པོ་ཏི་ལྕགས་ལོང་མ་ཞུ་ཞིང་ཡོན་རྒྱལ་པོས་བླ་མ་འཕགས་པ་ལ་འཕུལ་བ་ཞིག་ཡིན།

        ༤.ས་སྐྱ་དགོན་པ་དེ་རིམ་པ་གང་ཞིག་གི་རིག་དངོས་སྲུང་སྐྱོབས་སྡེ་ཚན་གྱི་ཁོངས་སུ་གཏོགས་སམ།

ལན་དུ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་སུ་གཏོགས་པ་ཡིན། 

        ༥.ས་སྐྱ་དགོན་པ་ནས་ས་ཆེན་གོང་མ་རྣམ་ལྔས་གཙོ་བྱས་པའི་མཁས་པ་གང་དག་བྱུང་ཡོད།

ལན་དུ། ས་ཆེན་ཀུན་དགའ་སྙིང་པོ་དང་།  སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན།  ས་པན་ཀུན་དགའ་རྒྱལ་མཚན།  འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་མཁས་པ་མང་པོ་བྱུང་ཡོད།

        ༦.ས་སྐྱ་དགོན་པ་དེ་ཁག་ག་ཚོད་ལ་དབྱེ་ཡོད།

ལན་དུ།  དགོན་པ་དེ་ལྷོ་བྱང་ཁག་གཉིས་ལ་དབྱེ་ཡོད།

        ༧.ཕྱི་ས་རྡོའི་རྩིག་པ་ཞིག་ཀྱང་།   ནང་ཆོས་ཀྱི་རྩིག་པ་མ་ཞིག་ཅེས་པ་གང་ལ་བརྗོད་དམ།

ལན་དུ། ས་སྐྱ་དགོན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་བོད་ཀྱི་མཁས་པ་མང་པོའི་སོར་མོའི་འཕྲུལ་ལས་ཐོན་པའི་ལག་བྲིས་ཆོས་ཀྱི་པོ་ཏི་ཐོག་ཚད་གསུམ་ལོང་པ་བརྩིགས་ཡོད་པས་ཡིན།

        ༨.ས་སྐྱ་དགོན་པའི་ཆོས་དུང་དཀར་པོ་རྒྱང་གྲགས་དེ་སུས་སུ་ལ་འཕུལ་བ་ཡིན་ནམ།

ལན་དུ།ཡོན་གྱི་རྒྱལ་པོས་འགྲོ་གོན་ཆོས་རྒྱལ་འཕགས་པ་ལ་དབང་ཡོན་དུ་ཕུལ་བ་ཞིག་ཡིན།


སྐུ་འབུམ་བྱམས་པ་གླིང་།

        ༡.སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་ལྔའི་སར་གནས་ཡོད་པ་དང་དེ་ནི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཞིག་ཡིན།

        ༢.རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ་༡༤༠༩ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོ་གསར་བཙུགས་གནང་བ་དང་།རང་གི་བུ་སློབ་རྣམས་ལ་མར་ཚོན་མེ་ཏོག་བཟོ་བར་སྐུལ་ནས་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་མར་ཚོན་མེ་ཏོག་གི་མཆོད་པ་ཕུལ།  དེ་ནས་བཟུང་རི་བོ་དགེ་ལྡན་པའི་དགོན་ཆེ་ཁག་ལ་མར་ཚོན་མེ་ཏོག་གི་མཆོད་པ་ཕུལ་བའི་སྲོལ་དར།

        ༣.སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི་སྤྱི་ལོ་༡༥༩༤ལོར་བླ་མ་ཟི་ན་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་སྐུ་འབུམ་བྱམས་པ་གླིང་དུ་དགོན་ཁང་ཆེན་མོ་གསར་བཞེངས་གྲུབ་རྗེས་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོརམེ་ཏོག་མཆོད་པ་འབུལ་བའི་སྲོལ་བཙུགས།  དེ་ནས་བཟུང་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་ལོ་རེའི་གནམ་ལོ་གསར་པ་མ་ཤར་གོང་གི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ནས་འགོ་བརྩམས་ཏེ་མར་ཚོན་གྱི་མེ་ཏོག་མཆོད་པ་བཞེངས་ནས་ཕྱི་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་དངོས་སུ་མཆོད་མཇལ་བ་དང་ཡུལ་སྐོར་བ་ཁྲི་ཕྲག་མང་པོའི་མིག་ལམ་དུ་གཤོམ་གྱི་ཡོད་དོ།

        ༤.སྐུ་འབུམ་བྱམས་པ་གླིང་དེ་ས་ཆ་གང་དུ་དུས་ནམ་ཞིག་ལ་ཕྱག་བཏབ་པ་ཡིན།

ལན་དུ།སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་ལྔའི་སར་གནས་ཤིང་དེ་ནི་རབ་བྱུང་བཅུ་པའི་ས་བྱི་ལོར་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཕྱག་བཏབ།

        ༦.སྐུ་འབུམ་བྱམས་པ་གླིང་གི་མགོན་ཁང་ཆེན་མོ་དེ་དུས་ནམ་ཞིག་ལ་སུས་བཞེངས་པ་ཡིན།

ལན་དུ། མགོན་ཁང་ཆེན་མོ་དེ་སྤྱི་ལོ་༡༥༩༤ལོར་བླ་མ་ཟི་ན་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་བཞེངས་སོ།

        ༧.སྐུ་འབུམ་བྱམས་པ་གླིང་དུ་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་རྣམ་པ་གསུམ་ཡོད་པ་དེ་གང་དང་གང་ཡིན།

ལན་དུ། མེ་ཏོག་གི་མཆོད་པ་དང་ལྡེབས་རིས་འཚེམ་དྲུབ་བཅས་ཡིན།

        ༨.སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་གི་མཆོད་པ་ལོ་རེའི་དུས་ནམ་ཞིག་ལ་བཞེངས་གིན་ཡོད་དེ་བཞེངས་བྱེད་ཀྱི་རྒྱུ་ཆ་གཙོ་བོ་གང་ཡིན།

ལན་དུ།སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་གི་མཆོད་པ་དེ་ལོ་རེའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ནས་འགོ་བརྩམས་ཏེ་ཕྱི་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་བར་བཞེངས་ཀྱི་ཡོད་ཅིང་དེ་བཞེངས་བྱེད་ཀྱི་རྒྱུ་གཙོ་བོ་ནི་འབྲི་མར་ཡིན།

        ༩.སྐུ་འབུམ་བྱམས་པ་གླིང་དེ་ས་ཆ་གང་དུ་དུས་ནམ་ཞིག་ལ་ཕྱག་བཏབ་པ་ཡིན།

ལན་དུ།སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་ལྔའི་སར་གནས་ཤིང་དེ་ནི་རབ་བྱུང་བཅུ་པའི་ས་བྱི་ལོར་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཕྱག་བཏབ།

        ༡༠.མེ་ཏོག་གི་མཆོད་པ་བཞེངས་མཁན་ལ་ཆ་རྐྱེན་གང་ཚང་དགོས།

ལན་དུ།  མེ་ཏོག་གི་མཆོད་པ་བཞེངས་མཁན་ལ་གཅིག་རི་མོའི་ཐིག་རྩ་དང་ཚོན་སྡེབ་ཚུལ་བྱང་ཆུབ་པ་ཞིག་དགོས།  གཉིས།  བརྐོས་བརྙན་དང་འཇིམ་བརྙན་བཞེངས་པའི་ལག་རྩལ་དང་བྱང་གོམས་ངེས་ཅན་ཞིག་དགོས།  གསུམ།  མར་མ་བཞུར་བའི་ཆེད་གྲང་རེག་བཟོད་དཀའ་བའི་དགུན་ཁར་ཁང་པའི་ནང་དུ་མེ་ཡང་མི་གཏོང་བར་ཆུ་གྲང་མོའི་ནང་དུ་ལག་པའི་དྲོད་ཡལ་དུ་འཇུག་དགོས་པ་སོགས་སྒྱུ་རྩལ་འདི་ལ་དད་པ་དང་། དགའ་ཞེན། སྡུག་རུས་བཅས་ལྡན་པའི་ཆ་རྐྱེན་ཚང་དགོས།

        ༡༡.དགེ་ལུགས་པའི་དགོན་ཆེན་དྲུག་གང་དང་གང་ཡིན།

དབུས་ཀྱི་སེ་ར་དགོན་པ།  འབྲས་སྤུངས་དགོན་པ།  དགའ་ལྡན་དགོན་པ།  གཙང་གི་བཀྲ་ཤིས་ལྷུན་པོ།  མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་།  ཀན་སུའུ་ཡི་བླ་བྲང་བཀྲ་ཤིས་འཁྱིལ་བཆས་སོ།