དབུ་ཤོག >> བདེ་ཐང་མཛུབ་སྟོན།
བདེ་ཐང་ལ་གནོད་འཚེ་ཐེབས་པའི་གོམས་གཤིས་འགའ་།
རྩོམ་པ་པོ། ཀླུ་མོ་མཚོ། དུས་ཚོད། 2018-08-13 རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས།

        གཅིག ཙོག་ཡུན་རིང་བ།

        ལུས་ཕུང་བདེ་ཐང་ཡོང་དགོས་ན་དུས་རྒྱུན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་དགོས་པ་ནི་སྨོས་མ་དགོས་པ་རེད།གོམས་གཤིས་ཁ་ཤས་ལ་ང་ཚོས་དུས་རྒྱུན་དོ་སྣང་མི་བྱེད་མོད།འོན་ཀྱང་དེའི་གནོད་འཚེ་ནི་ང་ཚོས་ཚོད་དཔག་བྱེད་དཀའ།ཉེ་ཆར་ཨ་མེ་རི་ཁའིཧོ་ཧྥིན་ཏུན་སྦྲག་སྲིད་ཚགས་པརསྟེང་དུ་བཀོད་པ་ལྟར་ན།གསོ་རིག་ཆེད་མཁས་པ་མང་པོ་ཞིག་གིས་བདེ་ཐང་ལ་གནོད་འཚེ་ཐེབས་པའི་གོམས་གཤིས་འགའ་ཕྱོགས་སྡོམ་བྱས་ཡོད་པ་འདི་ལྟ་སྟེ།

        ཨ་མེ་རི་ཁའི་མི་ལུས་བཟོ་སྐྲུན་རིག་པའི་ཆེད་མཁས་འབུམ་རམས་པ་ཧྲི་མིས་ཚི་ཡིས་བསྟན་དོན།བྱ་བ་སྒྲུབ་པ་དང་གློག་ཀླད་རྩེ་བ།བརྙན་འཕྲིན་ལ་ལྟ་བ་སོགས་ཀྱི་དབང་གིས་དུས་ཡུན་རིང་པོར་ཙོག་ན།འབྲས་སྐྲན་དང་གཅིན་སྙི་ཟ་ཁུ།ཁྲག་དཀག་པ།རིག་པ་རྟུལ་པོར་འགྱུར་བ་སོགས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།

        གཉིས། དུས་རྒྱུན་གཉིད་ཆག་སྟེ།གཟའ་མཇུག་ཏུ་གཉིད་ཁ་གསབ་བྱེད་པ།

        གཉིད་ཀྱིས་མ་འདང་ན་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ།ཡི་མུག་ནད།སྙིང་ནད།ཚོ་དྲགས་པའི་ནད་སོགས་ཀྱི་ནད་རིགས་རྣམ་པ་སྣ་ཚོགས་འབྱུང་བར་མ་ཟད།ཀླད་པའི་བྱེད་ནུས་ཇེ་དམའ་དང་རིག་པ་རྟུལ་པོར་གྱུར་ཏེ།བྱ་བའི་ལས་ཕྱོད་ཇེ་དལ་དུ་འགྲོ་བ་རེད།གཟའ་མཇུག་ཏུ་གཉིད་ཁ་གསབ་བྱེད་ན་སྐྱེ་དངོས་དུས་ཚོད་ལ་གཏོར་བརླག་ཐེབས་ངེས་པས།དུས་རྒྱུན་དུ་རྒྱུན་ལྡན་གྱི་ངལ་གསོའི་དུས་ཚོད་རྒྱུན་འཁྱོངས་དང་།སྔ་ཉལ་སྔ་ལངས་བྱེད་པའི་གོམས་སྲོལ་ཆགས་སུ་བཅུག་ནས།ཀླད་པ་དང་ལུས་པོ་དེ་རང་བྱུང་གི་ཆོས་ཉིད་དང་བསྟུན་གང་ཐུབ་བྱེད་དགོས།

        གསུམ། ཞོགས་པར་ལྟོ་སྟོང་དུ་ཁོ་ཧྥེ་འཐུང་བ།

        ཨ་མེ་རི་ཁའི་འཚོ་བཅུད་རིག་པ་བ་སཱ་ཝའེ་ཆི་ཡིས་བསྟན་དོན།ཞག་གང་པོར་གཉིད་པ་དང་ཟ་མ་མ་ཟོས་པའི་དབང་གིས་ལུས་སྟེང་གི་ཆུ་མང་པོ་ཤོར་ཡོད་པས།ཞོགས་པར་མལ་ལས་ལངས་མ་ཐག་ལྟོ་སྟོང་དུ་ཁོ་ཧྥེ་བཏུངས་ན་ལུས་པོར་གནོད་འཚེ་ཐེབས་ངེས་རེད།དེ་བས་ཞོགས་པར་མལ་ལས་ལངས་རྗེས་ཐོག་མར་ཆུ་ཁོལ་དྲོ་འཇམ་ཕོར་བ་གང་བཏུངས་རྗེས།ད་གཟོད་ཞོགས་ཟས་ཟ་བ་དང་ཁོ་ཧྥེ་བཏུངས་ན་འགྲིག

        བཞི། ཕྱི་རུ་འགྲོ་དུས་ཉི་འོད་འགོག་པའི་བྱུག་རྫས(防晒霜)མི་བྱུག་པ།

        ཞིབ་འཇུག་ལས་མངོན་པ་ལྟར་ན།རྒྱུན་དུ་ཉི་འོད་འགོག་ཚད་ཆེས་ཉུང་ནའང(SPF)ཡི་གཞི་གྲངས15ཡིན་པའི་ཉི་འགོག་བྱུགས་རྫས་བྱུགས་ན་སག་དབྱིབས་ཕྲ་ཕུང་གི་འབྲས་སྐྲན་དང་མདོག་རྒྱུ་ནག་པོའི་སྐྲན་འབྱུང་བའི་ཉེན་ཁ་སོ་སོར40%ནས50%ཇེ་དམའ་རུ་གཏོང་ཐུབ་པས།དབྱར་ཁ་ལས་གཞན་ད་རུང་དུས་ཚིགས་གཞན་པར་ཡང་ཕྱི་རོལ་ཏུ་འགྲོ་སྐབས་ཉི་འོད་འགོག་པའི་བྱུགས་རྫས་བྱུག་དགོས།

        ལྔ། དྲ་ཐོག་ནས་རང་ནད་རང་བཅོས་བྱེད་པ།

        དེང་སྐབས་མི་མང་པོ་ཞིག་གིས་ལུས་པོ་མི་བདེ་བའི་སྐབས་སུ་མྱུར་དུ་དྲ་ཐོག་ནས་འབྲེལ་ཡོད་ཆ་འཕྲིན་བཙལ་ཏེ།རང་ཉིད་ཀྱི་ནད་ལ་རང་གིས་ངོས་འཛིན་དང་ནད་བཅོས་བྱེད་ཀྱིན་ཡོད་མོད།འོན་ཀྱང་ཆེད་ལས་ཀྱི་ཤེས་བྱས་མི་འདང་བ་དང་བཟང་ངན་མཉམ་འདུས་ཡིན་པའི་དྲ་བའི་ཆ་འཕྲིན་གྱིས་རྨོངས་ཚོད་སྒོས་ནད་ལ་བརྟག་པ་དང་།ནད་གཞིའི་གནས་ཚུལ་རབ་བཏགས་སྒོས་བརྗོད་དེ་བསམ་པའི་གནོན་ཤུགས་ཇེ་ལྗིད་དུ་གཏོང་བ་དང་སེམས་ཁམས་ལ་ཤུགས་རྐྱེན་ངན་པ་བཟོ་བར་མ་ཟད།ནད་གཞིར་འགོར་འགྱངས་བྱེད་ངེས་རེད།

        དྲུག ཟ་མ་བཟའ་སྐབས་སྟག་སྤྱང་ལྟར་ཧམ་བཟའ་བྱེད་པ།

        ལུའོ་ཧྲན་ཅིན་ཕྱོགས་བསྡུས་ནད་ཐོག་ལག་ལེན་གྱི་འཚོ་བཅུད་རིག་པ་བ་མུས་ལའེ་མ་ཐི་ཡིས་བཤད་རྒྱུར།ཟ་མ་བཟའ་སྐབས་ཞིབ་བལྡད་དལ་མིད་བྱས་ན་སེམས་ཁམས་ལྷོད་ལ་འབབ་ཐུབ་པར་མ་ཟད་འཚོ་བཅུད་སྡུད་ལེན་བྱེད་པར་སྐུལ་འདེད་གཏོང་ཐུབ་ལ།རྒྱས་བཟའ་བྱེད་པ་དང་ཚོ་དྲགས་པ་འགོག་ཐུབ་པ་དང་།ཁྲག་ཧྭགས་སྙོམ་སྒྲིག་བྱེད་ཐུབ་པས་སྤྱི་ཁོག་སྐྱིད་སྣང་ཇེ་མཐོར་གཏོང་ཐུབ།

        བདུན། ལག་ཁྱེར་ཁ་པར་དང་སྤྱི་ཚོགས་སྨྱན་བྱད་ལ་གཡེང་དྲགས་པ།

        ལག་ཁྱེར་ཁ་པར་གྱི་དབྱིངས་ཞུགས་པའི་མི་ཁ་ཤས་ཀྱིས་དུས་ཡུན་ཐུང་ངུ་ཙམ་ལ་ལག་ཁྱེར་ཁ་པར་མ་མཐོང་ན་སེམས་པ་བློང་བློང་པོར་འགྱུར་བཞིན་ཡོད།ཞིབ་འཇུག་ལས་མངོན་པ་ལྟར་ན།སྤྱི་ཚོགས་སྨྱན་བྱད་ལ་བསྟེན་རྒྱུ་མང་དྲགས་ན་སེམས་ཁམས་བདེ་ཐང་ཐད་གནོད་འཚེ་ཆེན་པོ་ཐེབས་ཏེ།སེམས་ཁྲལ་དང་ཡི་མུག་འབྱུང་བ་རེད།ཆེད་མཁས་པས་གལ་ཏེ་དངོས་གནས་ཚོད་འཛིན་བྱེད་མི་ཐུབ་ན་ལག་ཁྱེར་ཁ་པར་སྟེང་གི་མཉེན་ཆས་ཁ་ཤས་ཤིག་མེད་པར་བཟོ་དགོས་པའི་གྲོས་གཞི་འདོན་གྱིན་འདུག

        བརྒྱད། སོ་ཤད་སྤྱོད་ཁང་ནང་དུ་འཇོག་པ།

        ཁ་སྦུག་གི་གཙང་སྦྲ་ནི་ལུས་ཡོངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པས།ཨ་མེ་རི་ཁའི་སོ་ནད་ཚན་ཁག་གི་ཆེད་མཁས་འབུམ་རམས་པ་ཁཱ་མའོ་ཡིས་བསྟན་དོན།སྐྱག་ཟོམ་ཆུ་བཤལ་བྱེད་པའི་སྐབས་སུ་སྤྱོད་ཁང་དུ་སྦགས་བཙོག་ཐེབས་པས།སོ་ཤད་ལའང་སྦགས་བཙོག་ཐེབས་ཀྱིན་ཡོད་པས།སོ་ཤད་སོགས་ཀྱི་ཁ་སྦུག་ཡོ་བྱད་རྣམས་སྤྱོད་ཁང་དུ་འཇོག་མི་རུང་།

        དགུ། ཀ་ར་བཟའ་རྒྱུ་མང་དྲགས་པ།

        ཀ་ར་བཟའ་རྒྱུ་མང་དྲགས་པའི་གནོད་འཚེ་ནི་ཚྭ་བཟའ་རྒྱུ་མང་དྲགས་པའི་གནོད་འཚེའི་ཉུང་མིན།དེས་ཚོ་དྲགས་པ་དང་གཅིན་སྙི་ཟ་ཁུ་སོགས་ཀྱི་ནད་རིགས་སྣ་ཚོགས་སློང་།ཨ་མེ་རི་ཁའི་སྙིང་ནད་མཐུན་ཚོགས་ཀྱིས་བསྟན་དོན།ཕོ་མོ་དར་མས་ཉིན་རེར་ཀ་ར་བཟའ་བའི་ཚད་ཁེ37.5དང་ཁེ25ལས་བརྒལ་མི་རུང་བས།དུས་རྒྱུན་གྱི་བཟའ་བཏུང་སྐབས་སུ་ཀ་ར་མང་པོ་འདུས་པའི་ཟས་རིགས་མ་ཟོས་ན་བཟང་།དངོས་གནས་ཀ་ར་བཟའ་རྒྱུར་དགའ་ན་ཟས་རིགས་ཀྱི་ནང་དུ་སྦྲང་རྩི་འོས་འཚམ་བཞག་ན་ལེགས།

        བཅུ། ཐེག་ཚད་ལས་བརྒལ་ཏེ་བྱ་བ་སྒྲུབ་པ།

        ཐེག་ཚད་ལས་བརྒལ་ཏེ་བྱ་བ་བསྒྲུབས་ན་པགས་རྫས་ཕྲུམ་དང་མཁལ་སྟེང་གཤེར་རྨེན་གྱི་ཆུ་ཚད་ཇེ་མང་དུ་བཏང་སྟེ།ཁྲག་ཤེད་མཐོ་བ་དང་ལུས་པོ་ཇེ་ལྗིད་དུ་འགྲོ་བ།སྙིང་ནད་སློང་བ།ཡི་མུག་པ།དབང་རྩ་ཉམས་པ།འདོད་ཆགས་བྲི་རྒུད་འབྱུང་བ།ཕྲུ་གུ་སྐྱེས་པའི་ནུས་པ་ཇེ་དམའ་རུ་འགྲོ་བ་སོགས་ཀྱི་གནད་དོན་འབྱུང་ངེས་པས།གཉིད་འདང་ཚོད་ལ་རོལ་བ་དང་བྱ་བ་ཇེ་ཉུང་དུ་བཏང་སྟེ།ཉིན་གོང་གི་ངལ་གསོ་དང་གཟའ་མཇུག་གི་ངལ་གསོ་ལ་རོལ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

        བཅུ་གཅིག  ཉིན་གང་པོར་འཆར་ངོས(屏幕)སྟེང་དུ་ལྟ་བ།

        ཨ་མེ་རི་ཁའི་མིག་ནད་ཚན་ཁག་གི་ཆེད་མཁས་པ་མོན་ཏའེ་ཨེར་སུན་གྱིས་བསྟན་དོན།ད་ལྟའི་མི་རྣམས་ཀྱིས་འཆར་ངོས་སྟེང་ལྟ་བའི་དུས་ཡུན་ཇེ་རིང་ནས་ཇེ་རིང་རེད།ལག་ཁྱེར་ཁ་པར་དང་གློག་ཀླད།བརྙན་འཕྲིན་སོགས་ཀྱི་འཆར་ངོས་སྟེང་འཕྲོ་བའི་འོད་ཀྱིས་མི་ལུས་ཀྱི་ཉིན་མཚན་ཆོས་ཉིད་གཏོར་བརླག་བཏང་སྟེ།གཉིད་ཡེར་བར་བྱེད་པ་རེད།འོད་དེ་ནི་མིག་གི་སེར་ཕྲར་འགྱུར་ལྡོག་བཟོ་བ་དང་མིག་ཤུགས་ཉམས་པའི་རྐྱེན་གཙོ་བོ་རེད།གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་སྐབས་སྐར་མ20རེའི་ནང་ངེས་པར་མིག་ངལ་གསོ་བྱེད་དགོས་པ་བཅས་སོ། །