ཀོང་རྩེད་རས་ཀྲུང་གོའི་སྐོར་བྲོའི་རིག་གནས་ཕ་སའི་མཚན་སྙན་ཐོབ་པའི་ཡིག་ཐོག་སྙན་ཞུ་ཕུལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཉིན་འདི་དག་ལ་ཀོང་རྩེད་རའི་ཏང་ཨུ་སྲིད་གཞུང་དང་སྡེ་མི་སོ་སོ་དོན་ཆེན་ཞིག་གི་ཆེད་དུ་བྲེལ་བ་ཆེན་པོ་སྐྱེས་བཞིན་ཡོད་དེ། དེ་ནི་ཀོང་རྩེད་རའི་སྐོར་བྲོ་ཀྲུང་གོའི་སྐོར་བྲོའི་རིག་གནས་ཕ་སའི་ཡིག་ཐོག་སྙན་ཞུ་བྱེད་རྒྱུ་དེ་ཡིན་པ་རེད། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས། ཡུན་ནན་ཞིང་ཆེན་སྒྱུ་རྩལ་མཐུན་ཚོགས་སོགས་ཀྱི་ཆེད་མཁས་པ་མང་བོ་ཀོང་རྩེད་ར་གྲོང་རྡལ་དུ་ཡོང་ནས་ཀོང་རྩེད་རའི་སྐོར་བྲོའི་རིག་གནས་ལ་རོལ་མྱོང་བྱས་པ་ཟད། ཀོང་རྩེད་རའི་སྐོར་བྲོའི་རིག་གནས་ནི་རྒྱུད་འཛིན་རྣམ་པའི་“རིག་གནས་ཀྱི་འགྱུར་རྡོ་”ལྟ་བུ་རེད་ཅེས་སྟོད་བསྔགས་ཆེན་པོ་བྱས་པ་རེད།




        ཟླ་7པའི་ཚེས་31ཉིན། ཆེད་མཁས་པ་མང་བོས་ཀོང་རྩེད་ར་གྲོང་རྡལ་ནས་གདོད་མའི་རྣམ་པའི་ཀོང་རྩེད་རའི་སྐོར་བྲོ་འཁྲབ་སྟོན་ལ་བལྟས་ལ།ཡར་རི་སྡེ་བ་དང་ཀོང་རྩེད་ར་སྡེ་བ་སོགས་ཀྱི་སྐོར་བྲོ་འཁྲབ་སྟོན་པས་གྲོང་རྡལ་བྱ་འགུལ་ཁང་ནས་ཀོང་རྩེད་རའི་སྐོར་བྲོའི་ཡིད་འཕྲོག་གི་སྟངས་སྟབས་ངོམས་པ་རེད།

“ཀོང་རྩེད་ར་”ཞེས་པའི་མིང་ཆ་ཚང་ནི་“ཀོང་ཇོའི་རྩེད་ར་”ཞེས་པ་དེ་ཡིན་པ་རེད། ཀོང་རྩེད་ར་གྲོང་རྡལ་ནི་པདྨ་རི་བོའི་འདབས་རོལ་དང་འབྲུག་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་ལ། གངས་རི་གནམ་ལ་ཟུག་པའི་འཇོལ་རྗོང་མཐོ་སྒང་གི་“ཅིང་ནན་”ལྟ་བུ་ཡིན་ཏེ། འདུས་སྡོད་སླ་བའི་གནམ་གཤིས་དང་དམིགས་གསལ་ཅན་གྱི་ས་བབ་ཀྱིས་ཀོང་རྩེད་རའི་མི་འབོར་འདུས་སྡོད་ཆེ་བ་དང་རིག་གནས་གཅིག་བསྡུས་ཡིན་པའི་ཡུལ་གྲུ་འདི་ཆགས་པར་ཆ་རྐྱེན་ལེགས་པོ་བསྐྲུན་པ་རེད།




    དེ་ཡང་ཀོང་རྩེད་རའི་སྐོར་བྲོའི་ལོ་རྒྱུས་གླེང་ན་ས་གནས་དམངས་ཁྲོད་སྒྱུ་རྩལ་བ་རྣམས་ལ་བཤད་མི་ཚར་བའི་གཏམ་རྒྱུད་མང་བོ་ཡོད། ཀོང་རྩེད་ར་ནི་ཡུན་ནན་བྱང་ཕྱོགས་ཀྱི་“ཇ་རྟའི་གནའ་ལམ་” ནས་སི་ཁྲོད་དང་བོད་ལྗོངས་སུ་བསྐྱོད་སྐབས་ངེས་པར་བརྒྱུད་དགོས་པའི་ལམ་འགག་གལ་ཆེན་ཞིག་ཡིན་ལ། སྐོར་བྲོ་ནི་ས་གནས་འདིའི་ཁྱད་ཆོས་མཚོན་པའི་གླུ་གར་རྣམ་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གཙོ་བོ་ཞིག་ཡིན། གནའ་བོའི་ངག་རྒྱུན་ལྟར་ན་འཇང་གི་སྲས་མོ་འཇང་བཟའ་ཆོས་སྒྲོན་བོད་ལ་བསྐྱོད་པའི་སྐབས་སུ་ཀོང་རྩེད་རའི་ས་གནས་འདི་བརྒྱུད་ཅིང་། དགུང་རྒྱུན་ས་གནས་མང་ཚོགས་དང་མཉམ་དུ་སྐོར་བྲོ་འཁྲབ་ཏེ་སྤྲོ་སྣང་ལ་རོལ་བས། དེ་རྒྱུད་འཛིན་བྱས་ཏེམི་རབས་ནས་མི་རབས་ལ་བརྒྱུད་པ་ཞིག་ཡིན་ལ་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བར་བཤད་།







    ཀོང་རྩེད་རའི་སྐོར་བྲོ་ནི་ས་གནས་མང་ཚོགས་ཀྱི་འཚོ་བའི་དྲན་པ་མཚོན་པའི་ཕུང་བོ་ཞིག་ཡིན་ལ། གླུའི་གདངས་དམའ་ཞིང་སྦོམ་ལ་སྙན་འཇེབས་ལྡན་པ་དང་སྤོབས་ཉམས་ཀྱིས་ཕྱུག་པ་རེད། སྐོར་བྲོས་ས་གནས་མང་ཚོགས་ཀྱི་འཚོ་བའི་གུས་ལུགས་གོམས་སྲོལ་མང་བོ་མཚོན་བཞིན་ཡོད་དེ། སྨོན་འདུན་དང་མགྲོན་བསུ། ཞིང་ལས། ཕྱུགས་སྐྱོང་། རོལ་རྩེད་སོགས་ཡོད་ལ། བརྩེ་བ་དང་མཐུན་སྒྲིལ་སོགས་སྲོལ་རྒྱུན་གྱི་མི་ཆོས་སྙིང་སྟོབས་ཡང་འདུས་ཡོད་པས་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན། རྒྱུད་འཛིན་གྱི་ཁྱད་ཆོས་ལྟར་བགར་ན་ཀོང་རྩེད་རའི་སྐོར་བྲོ་ལ་རྟེན་འབྲེལ་ཞུ་བའི་སྐོར་བྲོ་དང་མགྲོན་པོ་སྐྱེལ་བའི་སྐོར་བྲོ། བསྟོད་པའི་སྐོར་བྲོ། དགྱེས་མཛོམས་ཀྱི་སྐོར་བྲོ། གྱེས་བྲལ་གྱི་སྐོར་བྲོ།  སྨོན་འདུན་ཞུ་བའི་སྐོར་བྲོ་སོགས་ཡོད་ལ། སྐོར་བྲོའི་འདི་རིགས་ནི་ཀོང་རྩེད་རའི་ས་གནས་བོད་པ་མང་ཚོགས་ཀྱིས་ལོ་གསར་སོགས་དུས་ཆེན་གྱི་སྐབས་སུ་ངེས་པར་འཁྲབ་སྟོན་བྱེད་པའི་སྐོར་བྲོའི་རིགས་ཡིན་པ་རེད། དེང་སྐབས་ཡང་འདི་ལྟ་བུའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཀོང་རྩེད་རའི་སྐོར་བྲོ་ལ་རིམ་སོ་སོའི་ཏང་ཨུ་སྲོད་གཞུང་གི་དོ་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད།