དབུ་ཤོག >> བོད་ཀྱི་མི་སྣ།
སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-26 རྩོམ་ཁུངས། གངས་ལྗོངས་ཉི་གཞོན།

མེས་པོའི་བཤུལ་ལམ་འཚོལ་བའི་རིག་པའི་དཔའ་བོ།

སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་ཆེད་བཀོད།


        སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ནི་1956ལོར་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་ཁ་སྒང་སྡེ་པར་སྐུ་འཁྲུངས། 1974ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས། 1976ལོར་དམའ་འབྲིང་ནས་མཐར་ཕྱིན་ཏེ་མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་སློབ་གསོ་ཅུས་ནས་ལོ་ལྔའི་རིང་ལ་བྱ་བ་བསྒྲུབས། 1981ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སྡེ་ཁག་གི་དངོས་གཞི་འཛིན་གྲྭར་ཞུགས། ཨ་ལགས་ཤར་གདོང་རིན་པོ་ཆེ་དང་རྡོ་རྒྱ་སྐུ་ལོ་ཚང་། ཨ་ལག་མ་རྒྱ་རིན་པོ་ཆེ། གཞན་ཡང་སྐབས་དེའི་རྒྱ་བོད་ཀྱི་སློབ་དཔོན་མང་པོའི་མདུན་ནས་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་རིག་གནས། བསྡུས་གྲྭ་དང་ནང་དོན་རིག་པ་སོགས་ལ་སློབ་གཉེར་གནང་། 1985ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཡིག་རྙིང་ཆེད་གཉེར་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་མཁས་དབང་དམུ་དགེ་བསམ་གཏན་དང་། ཨ་ཁུ་བསམ་འགྲུབ་རྒྱ་མཚོ། ཨ་ལགས་དོར་ཞི་རིན་པོ་ཆེ་སོགས་སློབ་དཔོན་མང་པོ་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས་བོད་ཀྱི་རིག་གནས་སྤྱི་དང་ཏུན་ཧོང་ཡིག་རྙིང་། རྩིས་དང་གྲུབ་མཐའ་སོགས་རིག་གནས་ཆེ་ཆུང་ཀུན་ལ་སློབ་གཉེར་གནང་། པེ་ཅིན་ནང་བསྟན་སློབ་གླིང་དུ་སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་རིན་པོ་ཆེ་དང་བླ་བྲང་དགོན་ནས་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་། ཨ་ཁུ་བློ་བཟང་རྒྱ་མཚོ་བདེར་གཤེགས་སོགས་ཀྱི་མདུན་ནས་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་མཛད།

 


ཁམས་འདན་ཁོག་གི་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེར་བརྟག་དཔྱད་བྱེད་བཞིན་པ།

        1988ལོའི་ཟླ་7པར་འབྲས་རམས་པའི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། ལོ་དེར་ནུབ་བྱང་མི་རིགས་སློབ་ཆེན་ཀྱི་བོད་ཀྱི་སྐད་ཡིག་སྡེ་ཁག་གི་དགེ་རྒན་དུ་བཀོད་སྒྲིག་གནང་བ་ནས་བཟུང་སྔ་རྗེས་སུ་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མར་སྒྲ་དང་སྙན་ངག བསྡུས་གྲྭ བོད་ཀྱི་གནའ་རབས་རྩོམ་རིག སྲིད་འཛིན་རིག་པ། ཏུན་ཧོང་ཡིག་རྙིང་། བོད་ཀྱི་མི་ཆོས་རིག་གནས། བོད་བཙན་པོའི་དུས་ཀྱི་ལི་ཡུལ་གྱི་རིག་གནས། བོད་ཀྱི་ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས་སོགས་སློབ་ཁྲིད་གནང་། 1996ལོར་སློབ་དཔོན་གཞོན་པའི་ལས་ཐོབ་བླངས་ཞིང་། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དུ་བསྐོས། 2000ལོར་སློབ་དཔོན་ཆེན་མོའི་ཐོབ་ཐང་བླངས། 2007ལོར་ཡིག་རྙིང་ཆེད་གཉེར་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་དུ་བདམས།

 


ཡུལ་ཤུལ་ཁུལ་གྱི་གྲུ་བའི་སྡེ་བར་རྟོག་ཞིབ་ཏུ་ཕེབས་པ།

          སྤྱི་ལོ་1996ལོར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བདམས་པའི་སྐྱེད་ཚལ་སྐྱོང་མཁན་གྱི་བྱ་དགའ་གནང་བ་དང་། སྤྱི་ལོ་1999ལོར་ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་ཀུན་སྤྱོད་དཔེ་ལེགས་ཅན་བཅུའི་མཚན་སྙན་གནང་། 1995ལོར་《སྲིད་འཛིན་རྩ་འཛུགས་ཀྱི་རྣམ་གྲངས་མི་འདྲ་བའི་ཁྱད་ཆོས་ལ་དཔྱད་པ།》ཞེས་པར་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་ཆེས་མཐོའི་བྱ་དགའ་ཨང་གསུམ་པ་ཐོབ། བསྒྱུར་རྩོམ་《སྙན་ངག་གི་བླ་སྲོག་བཤད་པ།》ཞེས་པར་1995ལོའི་ཀན་སུའུ་ཞིང་ཆེན་གྱི་སྐབས་བཞི་པའི་ཕུལ་བྱུང་རྩོམ་རིག་གི་བྱ་དགའ་དང་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་ཟངས་ཀྱི་རྟ་མཆོག་གི་གཟེངས་རྟགས་ཐོབ། 2000ལོར་ཡོ་རོབ་གླིང་ནས་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཐེངས་དགུ་པར་ཞུགས་ཏེ་དཔྱད་རྩོམ་བགྲོ་གླེང་གནང་། 2008ལོར་པེ་ཅིན་བོད་རིག་པའི་དཔྱད་གླེང་ཚོགས་འདུར་ཞུགས་ཏེ་《ཏུན་ཧོང་ཡིག་རྙིང་ཁྲོད་རྙེད་པའི་སློབ་དཔོན་པད་འབྱུང་གི་རྣམ་ཐར་ཐོག་མའི་བརྡ་དོན་ལ་རྣམ་པར་དཔྱད་པ།》ཞེས་པའི་དཔྱད་རྩོམ་སྤེལ་བ་ནི། ཏུན་ཧོང་ཡིག་རྙིང་བྱུང་བ་ནས་མི་ལོ་བརྒྱ་ཙམ་འགོར་བའི་རིང་ལ། ཞིབ་འཇུག་པ་རྣམས་ཀྱིས་མ་ཐོན་པའི་གསར་རྙེད་ཀྱི་དཔྱད་པ་ཞིག་ཏུ་གྱུར་པས། རྒྱལ་ཁབ་ཕྱི་ནང་གི་དྲ་ངོས་ཀུན་ཏུ་འཁོད་པའི་གསར་འགྱུར་ཆེན་པོར་གྱུར། 2001ལོར་ཀན་སུའུ་ཞིང་ཆེན་གྱི་དུས་རབས་ལས་བརྒལ་མཚམས་ཀྱི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པའི་མཚན་སྙན་ཐོབ།

          2003ལོར་《སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་རྣམས་ཀྱིས་དེང་རབས་རིག་གནས་སློབ་གསོ་རང་གི་འོས་འགན་དུ་བཟུང་ནས་སྤེལ་དགོས།》ཞེས་པར་2001ལོར་ཀྲུང་གོའི་མཐོ་རིམ་སློབ་གསོ་ཚོགས་པས་གནང་བའི་བྱ་དགའ་ཨང་གསུམ་པ་ཐོབ། 2010ལོར་《བོད་ཀྱི་ཡིག་རྙིང་དུ་གསལ་པའི་ལི་ཡུལ་གྱི་ལོ་རྒྱུས་ཁག་ཅིག་ལ་དཔྱད་པ།》ཞེས་པའི་དཔྱད་རྩོམ་དེར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་མངའ་ཁོངས་ཀྱི་ཆེས་མཐོའི་བྱ་དགའ་ཇོ་མོ་གླང་མའི་བྱ་དགའ་ཨང་གཉིས་པ་ཐོབ། 2011ལོར《བོད་བཙན་པོའི་དུས་ཀྱི་ལི་ཡུལ་གྱི་རིག་གནས་ལ་དཔྱད་པ་མེས་པོའི་བཤུལ་ལམ་མྱུལ་བའི་རྟོག་ཞིབ་ཟིན་ཐོ།》ཞེས་པར་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྐོར་གྱི་བྱ་དགའ་ཨང་གསུམ་པ་ཐོབ།

          རྒྱ་ཡིག་གིས་སྤེལ་བའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚགས་པར་དང་། ཀན་སུའུ་མི་དོན་དུས་དེབ། ཀན་སུའུ་སློབ་གསོ་འཕར་མ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཚགས་པར་རྣམས་སུ་བྱས་འབྲས་ཁག་བཀོད་མྱངས། 1999ལོར་བྱས་འབྲས་དེ་དག་《ཀྲུང་གོའི་དེང་རབས་མཐོ་སློབ་ཀྱི་སློབ་དཔོན་ཚིག་མཛོད་ཆེན་མོར།》བསྡུས།

 


ཏུན་ཧོང་ཡིག་རྙིང་ཀློག་པ།

          1999ལོར་བོད་ཡིག་སྡེ་ཁག་གི་ཀྲུའུ་རེན་གཞོན་པའི་ལས་གནས་སུ་བསྐོས་པ་དང་། 2004ལོར་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་འགོ་གཙོ་གཞོན་པའི་འགན་བཞེས་པའི་དུས་སྐབས་རྣམས་སུ་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་བྱ་བ་དམ་འཛིན་བྱས། བོད་མི་རིགས་ཀྱི་རིགས་གཞུང་ཆེད་ལས་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ་དང་། བོད་རིགས་སློབ་མའི་ལས་ཞུགས་ཀྱི་མདུན་ལམ་རྒྱ་ཆེར་འབྱེད་པར་དམིགས་ཏེ་2003ལོར་བོད་ཀྱི་སྐད་ཡིག་གི་བཟོ་ཚོང་ཆེད་ལས་ཀྱི་དངོས་གཞི་འཛིན་གྲྭ་བཙུགས་པ་དང་མདོ་ཁམས་ཀྱི་སློབ་ཆེན་ཁག་གི་ཡིག་སྒྱུར་པ་གདན་དྲངས་ཏེ་བཟོ་ཚོང་ཆེད་ལས་ཀྱི་སློབ་དེབ་14བོད་ཡིག་ཏུ་བསྒྱུར་བར་འགན་ཁུར། རང་ཉིད་ཀྱིས་དོ་དམ་རིག་པའི་སློབ་དེབ་ཡིག་འབྲུ་ཁྲི་ཚོ་ཞེ་གཉིས་ཅན་བསྒྱུར་བའི་འགན་བླངས། སློབ་དེབ་དེ་རྣམས་སྣུམ་པར་དུ་བཏབ་པའི་མཇུག་བྱང་དུ། དེང་དུས་འཛམ་གླིང་ཡོངས་སུ་དར་ཆེ་བའི། །རིག་པའི་ཡང་སྙིང་བཟོ་ཚོང་རིག་པ་འདི། །སྒང་བ་བོད་ཀྱི་ཡུལ་དུ་མཁོའོ་ཞེས། །རིང་ནས་སྨོན་པའི་འབྲས་བུ་དེང་འདིར་སྨིན། །ལྷ་ཡི་རྒྱལ་པོས་ཆར་སྦྱིན་ཕབ་པ་ན། གསེར་ལྡན་སྟོན་ཀའི་འབྲས་བཟང་སྨིན་པ་ལྟར། །གཏོང་ཕོད་ཡངས་པ་ཀུན་ཕན་ཐེབས་རྩ་ཡིས། །ཕངས་མེད་སྦྱིན་པའི་སྟོབས་ཀྱིས་གྲོགས་བྱས་ཏེ། །མདོ་ཁམས་ཡུལ་དུ་སྙན་པའི་གྲགས་པ་ཅན། །སློབ་ཆེན་རྣམ་བཞིའི་རིག་པའི་དགའ་ཚལ་ནས། །ཉེ་བར་བཀུགས་པའི་སྐད་གཉིས་སྨྲ་བའི་སྡེས། །རང་རིགས་ཡར་ཟླ་འཕེལ་བའི་ལྷག་བསམ་དང་། །ཤུགས་དྲག་བརྩོན་འགྲུས་བསྟེན་པའི་ངལ་བ་ལས། །བོད་ཀྱི་ཡི་གེའི་གཞུང་དུ་བྱས་པ་འདི། །འབྱོར་པའི་རྒུད་པའི་དོང་ལས་ཐར་བ་ཡི། བསོད་ནམས་ཐེམ་སྐས་བཙུགས་པའི་ཐོག་མ་ཡིན། །མ་དག་འཁྲུལ་བའི་ཆ་ལ་འཁྱམས་སྲིད་ན། །ལེགས་པར་འཆོས་ཤིག་རིག་པའི་ནོམ་དུ་སྒྲུབས། །གོ་རྒྱ་ཅུང་ཙམ་ཆོད་པའི་ཤེས་རབ་དེ། །ལག་ལེན་མུན་པ་སེལ་བའི་སྒྲོན་མེ་བྱོས།ཞེས་པའི་དགོས་སྐུལ་ཚིག་སྦྱོར་ཞིག་ཀྱང་སྤེལ།

 


ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་བཙན་པོའི་དུས་ཀྱི་ཡིག་རྙིང་ཀློག་པ།

          བོད་ཀྱི་མཐོ་རིམ་སྐད་ཡིག་སློབ་གསོའི་ཁྲོད་སྔགས་ཀྱི་ཀློག་ཐབས་དང་སྒྲའི་མཚམས་སྦྱོར་ལྔ་པ་སོགས་ལེགས་སྦྱར་རིག་གནས་ལ་སྦྱང་བ་བྱེད་པ་ནི་བོད་ཡིག་གི་རྨང་གཞི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐབས་ལམ་ཡིན་པར་དམིགས་ཏེ་སྔོན་གྱི་ཚད་ལྡན་མཁས་པའི་གསུང་རྩོམ་རྣམས་གཞིར་བཟུང་ནས་《སྒྲ་རིག་པའི་འཇུག་སྒོ།》ཞེས་སློབ་དེབ་རྩོམ་སྒྲིག་བྱས་ཤིང་། སློབ་དེབ་དེ་ནི་བོད་ཡུལ་ནས་ཀློག་ཀླད་ནང་པར་སྒྲིག་གནང་བའི་སློབ་དེབ་ཐོག་མར་གྱུར་ཏེ་སྤྱི་ཚོགས་ཡོངས་ལ་བཀྲམས་ཐུབ་པ་བྱུང་བར་ཚང་མས་དགའ་བསུ་ཐོབ། གཞན་ཡང་1985ལོར་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་དུས་ཀྱི་རྒྱུགས་ཤོག་ཞིག་གི་དྲི་གཞིའི་ལན་དུ། ལྔ་རིག་ཤེས་བྱ་ཡངས་པའི་ཐང་ཆེན་དུ། །བརྩོན་འགྲུས་རྟ་ཕོར་ལྕག་གིས་བསྐུལ་ནས་ནི། །དེང་རབས་རིག་གནས་འགྲོས་མྱུར་ལྡན་པའི་རྗེས། །འཕྲལ་མར་གཅོད་སེམས་ཡེ་ནས་བཟློག་ཐབས་མེད། །ཅེས་དམ་བཅའ་སྙིང་ལ་བཀོད་པ་ལྟར། མི་རིགས་འདིའི་སྔར་ཡོད་རིག་གནས་ཀྱི་ལམ་ཚད་དེར་དེང་རབས་ཀྱི་གཞུང་ལུགས་གསར་པ་སྣོན་དགོས་ཤིང་དེ་ལྟའི་ལམ་བུ་དེ་ཆད་ན་སྔ་རབས་ལས་དེང་རབས་མེད་པའི་མི་རིགས་ཤིག་ཏུ་འགྱུར་ཉེན་ཆེ་བས། 1997ལོར་《སྲིད་འཛིན་རིག་པའི་རྣམ་བཤད།》ཅེས་པའི་བསླབ་དེབ་རྩོམ་སྒྲིག་དང་པར་སྐྲུན་གནང་བ་དང་《དོ་དམ་རིག་པ།》སོགས་བོད་འགྱུར་གྱི་ལས་ཀ་སྤེལ་ཏེ་མི་རིགས་འདིའི་རིག་གནས་ཀྱི་གོམ་པ་ཆེན་པོ་དེང་རབས་རིག་གནས་ཁྲོད་སྐྱོད་པར་བརྩོན་འགྲུས་གནང་། 2001ལོར《སྲིད་འཛིན་རིག་པའི་རྣམ་བཤད།》ཀྱི་སློབ་དེབ་དེར་ཞིང་ཆེན་སྲིད་གཞུང་གིས་གནང་བའི་སློབ་ཁྲིད་ཕུལ་བྱུང་གྲུབ་འབྲས་ཅན་གྱི་བྱ་དགའ་ཨང་གཉིས་པ་ཐོབ། ད་ལྟ་གོང་གསལ་སློབ་དེབ་གཉིས་ཀ་སློབ་ཆེན་ཁག་ཅིག་གི་སློབ་རྟེན་དུ་གྱུར་ཡོད། བསྒྱུར་རྩོམ་གཞན་ཡང་《བོད་ཀྱི་གསང་རྒྱུད་རྩ་རླུང་རིག་པར་ཐོག་མའི་དཔྱད་པ།》དང་། སྙན་ངག་པ་ཡི་དམ་ཚེ་རིང་ལགས་ཀྱི་《ཁ་བའི་གངས་ལྗོངས།》ཞེས་པ་དང་། སྙན་ངག་གི་བླ་སྲོག་བཤད་པ་སོགས་བོད་འགྱུར་མཛད། 《བོད་ཀྱི་ཡིག་རྙིང་ཞིབ་འཇུག》དང་《ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སྡེ་ཁག་བཙུགས་ནས་ལོ་འཁོར་50ལོན་པའི་རིག་གཞུང་ཞིབ་འཇུག》གཉིས་གཙོ་སྒྲིག་བྱས་ཤིང་སྔ་མ་ནི་བོད་ཀྱི་ཡིག་རྙིང་ཞིབ་འཇུག་པ་རྣམས་ཀྱིས་ངེས་པར་བལྟ་ཀློག་བྱེད་དགོས་པའི་དཔྱད་གཞི་གལ་ཆེན་ཅིག་ཏུ་གྱུར། ཏུན་ཧོང་ཡིག་རྙིང་དུ་གྲགས་པའི་ཤོག་དྲིལ་ཁག་རྣམས་མི་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་དུ་ཕྱི་རྒྱལ་དུ་ཤོར་བ་ནས་བོད་མི་རྣམས་ལའང་བལྟ་ཀློག་བྱེད་པའི་གོ་སྐབས་མེད་པར་ལུས་པ་ནས་2006ལོའི་རྗེས་སུ་རྒྱལ་ནང་ནས་དཔེ་སྐྲུན་གནང་ཡང་། རྒྱུ་རྐྱེན་དུ་མའི་དབང་གིས་སྤྱིར་བཏང་གི་ཀློག་པ་པོ་རྣམས་ཀྱིས་ལག་ཏུ་འབྱོར་དཀའ་བར་དམིགས་ཏེ་《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།》དེབ་དང་པོ་ནས་དེབ་བཅུ་གཉིས་པར་གྱི་རྩོམ་སྒྲིག་པ་དང་པོ་དང་གཞོན་པའི་འགན་བཞེས་ཏེ་དཔེ་སྐྲུན་གནང་ཞིང་། བོད་ཡིག་ཤེས་མཁན་རྣམས་ཀྱིས་རྩ་ཆེན་ཡིག་རྙིང་རྣམས་ལ་ལྟ་ཀློག་དང་རྒྱུས་ལོན་བྱེད་བདེ་ཡོང་བའི་ཆ་རྐྱེན་གང་ལེགས་བསྐྲུན།

 


2008ལོར་པེ་ཅིན་བོད་རིག་པའི་ཚོགས་འདུ་སྟེང་ཏུན་ཧོང་ཡིག་རྙིང་ཁྲོད་རྙེད་པའི་སློབ་དཔོན་པད་འབྱུང་གི་རྣམ་ཐར་ཐོག་མའི་བརྡ་དོན་ལ་རྣམ་པར་དཔྱད་པ་ཞེས་པ་སྤེལ་རྗེས་མཁས་དབང་དོན་གྲུབ་དབང་འབུམ་གྱིས་དཔྱད་རྩོམ་གྱི་ནང་དོན་ལ་དཔྱད་བཞིན་པ།

          སྔོན་གྱི་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་ཁག ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ། ཤིན་ཅང་ནས་ཐོན་པའི་ཁྲམ་ཤིང་སོགས་ལ་ལྟ་ཀློག་བྱེད་པ་དང་གོ་དོན་རྙེད་དཀའ་བར་དམིགས་ཏེ་མི་ལོ་བཅུ་ལྷག་གི་སྔོན་ནས་《བཙན་པོའི་དུས་ཀྱི་ཡིག་རྙིང་ཚིག་མཛོད།》ཅེས་པ་གཙོ་སྒྲིག་བྱེད་པའི་འགོ་ཚུགས་ཤིང་། སྔོན་གྱི་མཁས་པས་འཆད་ཡུལ་དུ་མ་གྱུར་བའི་བརྡ་དོན་ཁག་ཅིག་ལ་འགྲེལ་འགོད་པའི་དཀའ་སྤྱད་བརྩོན་འགྲུས་གནང་། ཚིག་དོན་འགའ་ཞིག་གི་ཐད་གཞན་དྲིང་མི་འཇོག་པའི་རིགས་པའི་རྩལ་མངོན་པར་བྱས་པས་གྲོགས་པོ་ཁ་ཅིག་གིས་གཏེར་སྟོན་གསར་པ་དང་ཡིག་རྙིང་རྒྱལ་པོ་ཞེས་པའི་ཀུ་རེ་རྩེད་མོའི་ཡུལ་དུ་བྱེད། ཚིག་མཛོད་དེ་མི་འགྱངས་བར་བོད་ཀྱི་ཀློག་པ་པོ་རྣམས་ཀྱི་དགའ་སྟོན་དུ་སྤེལ་བར་ངེས།

          བོད་ཀྱི་རྩོམ་རིག་དང་ལོ་རྒྱུས། ཡི་གེ་བྱུང་འཕེལ་སོགས་སྣེ་དུ་མ་ནས་བོད་ཀྱི་རིག་གནས་གཏིང་ཟབ་ཏུ་ཞིབ་འཇུག་བྱས་པའི་འབྲས་རྟགས་སུ་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ་བ་དང་། བཤད་ཡམས་དང་གྲགས་ཚོད་ལ་ཡིད་རྟོན་པའི་བྱེད་སྟངས་སྤངས་ཏེ་དཔྱད་གཞི་དངོས་འཚོལ་སྡུད་དང་ཡུལ་དངོས་བརྟག་དཔྱད་བྱེད་པ་ཟུང་དུ་འབྲེལ་ཞིང་མཆན་འགོད་པ་སོགས་ལ་ནན་ཏན་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་སད་ཐེག་པའི་དཔྱད་རྩོམ་འབྲི་བར་ཧུར་བརྩོན་གནང་།

 


མཚོ་སྔོན་འབའ་རྫོང་གི་དམངས་སྲོལ་གཉེན་སྟོན་ལ་རྟག་ཞིབ་གནང་བཞིན་པ།

          ད་ལྟ་ཀན་སུའུ་བོད་རིག་པ་མཐུན་ཚོགས་ཀྱི་ལས་འཛིན་པ་དང། ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི། ལྗོངས་ཞིང་དྲུག་གི་གནའ་དཔེ་ལེགས་སྒྲིག་ལས་དོན་ཚོ་ཆུང་གི་གདན་ཞུ་ཆེད་མཁས་པ། རྒྱལ་ཡོངས་སློབ་གཞི་ཚད་ལྡན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་བོད་ཡིག་བརྡ་ཆད་ཚད་ལྡན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། 《བོད་ཀྱི་སློབ་གསོ་གླེང་སྟེགས།》དུས་དེབ་ཀྱི་བློ་འདོན་པ། ཀན་སུའུ་ཞིང་ཆེན་རིག་དངོས་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀན་སུའུ་ཞིང་ཆེན་ཏུན་ཧོང་ཞིབ་འཇུག་ཚོགས་པའི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་ཡིག་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་ཏུན་ཧོང་ཐུ་རུ་ཕན་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་ལས་ཀྱི་ཨུ་ཡོན་ཚོགས་པའི་ཨུ་ཡོན། གཙོས་མི་རིགས་དགེ་ཐོན་སློབ་ཆེན་གྱི་གདན་ཞུ་སློབ་དཔོན་ཆེན་མོ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་པཎ་ཆེན་ཞིབ་འཇུག་གླིང་གི་ཆེད་ཞུ་ཞིབ་འཇུག་པ། མཚོ་སྔོན་དཔེ་རྙིང་དག་སྒྲིག་དང་ཞིབ་འཇུག་མཐུན་ཚོགས་ཀྱི་གདན་ཞུ་ཞིབ་འཇུག་པ་ཆེན་མོ། དར་གོས་ཚོང་ལམ་དུས་དེབ་ཀྱི་རྩོམ་སྒྲིག་ཨུ་ཡོན་བཅས་ཡིན།

          མིག་སྔར། 《ཏུན་ཧོང་ཡིག་རྙིང་བོད་རྒྱ་ཤན་སྦྱར་ཚིག་མཛོད།》ཀྱི་ལས་གཞི་དང་རྒྱལ་ཁབ་རིམ་པའི་ལས་གཞི་《བོད་ཀྱི་སྔ་དར་སྔགས་ཡིག་གི་རྣམ་པར་དཔྱད་པ།》ཞེས་པར་འགན་བཞེས་བཞིན་ཡོད། །