རྨ་ལྷོ་ཁུལ་གྱི་དབྱར་སྟོན་དུས་ཆེན་དང་ལྷ་མོའི་སྒྱུ་རྩལ་རེས་གཟས་གཅིག་གི་འཁྲབ་སྟོན་གྱི་མཛད་སྒོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-25   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


        རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་། སྔར་ལས་ལྷག་པའི་སྒོ་ནས་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་སླད། སྤྱི་ཟླ7པའི་ཚེས23ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབྱར་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་དང2018ལོའི་ཀྲུང་གོའི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་རེས་གཟའ་གཅིག་གི་འཁྲབ་སྟོན་མཛད་སྒོ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རིག་གནས་ཐང་ཆེན་དུ་འཚོགས།


        མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གི་འགོ་གཙོ་གཞོན་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཐོན་ལས་སིའི་ཀྲུའུ་རེན་སོགས་འབྲེལ་ཡོད་འགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་། རིག་གནས་ཡུལ་སྐོར་སྡེ་ཁག་གི་སྐུ་མགྲོན་འཐུས་ཚབ་པ་རྣམས་གདན་འདྲེན་ལྟར་མཛད་སྒོར་ཞུགས་པ་མ་ཟད། རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཁུལ་ཡོངས་ཀྱི་ལས་སྒྲུབ་པའི་འཐུས་ཚབ། ཞིང་འབྲོག་མི་དམངས་མང་ཚོགས་ཀྱི་འཐུས་ཚབ། ཁེ་ལས་པའི་འཐུས་ཚབ། ཆུང་འབྲིང་སློབ་མའི་འཐུས་ཚབ་སོགས་མི4000ལྷག་མཛད་སྒོར་ཞུགས། 


        ཐེངས་འདིའི་བྱ་འགུལ་ནི་སྤྱི་ཟླ7པའི་ཚེས23ཉིན་ནས་སྤྱི་ཟླ9བའི་ཚེས22ཉིན་བར་སྤེལ་བ་ཡིན་ལ། ནང་དོན་གཙོ་བོ་ལ“ཀྲུང་གོའི་བོད་ཀྱི་ཟློས་གར་སྒྱུ་རྩལ་གཟའ་འཁོར་སྐབས་དང་པོ”ཞེས་པ་དང་། “ཨ་མདོའི་བོད་རིགས་དམངས་གླུ་འགྲན་བསྡུར་ཆེན་མོ་སྐབས་དང་པོ”། “རེབ་གོང་ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ་སྐབས་བཞི་བ”། “རེབ་གོང་སྒྱུ་རྩལ་དུས་ཆེན། སོག་རྫོང་ནཱ་ཏཱ་མུ། རྩེ་ཁོག་རྩྭ་ཐང་གཟབ་ཚོགས། གཅན་ཚའི་གཡང་མདའ”སོགས་རྫོང་བཞིའི་ཁྱད་ལྡན་བརྗོད་གཞིའི་དུས་སྟོན་བྱ་འགུལ་འདུས། བྱ་འགུལ་འདིས་གཙོ་ཆེར་རྨ་ལྷོ་ས་ཁུལ་གྱི་སྲོལ་རྒྱུན་མི་རིགས་རིག་གནས་དར་སྤེལ་དང་། རྨ་ལྷོའི་ཁྱད་འཕགས་རིག་གནས་ཡུལ་སྐོར་ཐོན་ཁོངས་ཁྱབ་སྤེལ། རིག་གནས་ཡུལ་སྐོར་གྱི་ཚོང་ར་རྒྱ་བསྐྱེད་པའི་ཆེད་ཡིན་ལ། འདིར་མང་ཚོགས་ཀྱི་ཟབ་ཞུགས་བྱེད་ཚད་ལེགས་ཤིང་། ཚོང་རའི་གཏིང་ནུས་ལྡན་པའི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་བ་ཡིན།