ཅེ་ཅུས་གྲོང་སྡེས་གོམས་སྲོལ་བསྒྱུར་ནས་མཛེས་བཞི་སྐྲུན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས་20ཉིན།   འབའ་ལུང་རྫོང་ཕན་ཐེན་སྒང་ཤང་ཅེ་ཅུས་གྲོང་གིས་མཛེས་བཞི་སྐྲུན་པའི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།
         གཞི་རིམ་གྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་  གྲོང་གསེབ་སྐྱོང་བ་ཤུགས་ཆེར་གཏོང་བ་དང་གསར་སྤེལ་གཏོང་བ།  སྡེ་སྲོལ་དམངས་གཤིས་ལེགས་པོ་འཛུགས་པའི་ཆེད་དུ།  ན་ནིང་།  ཅེ་ཅུས་གྲོང་སྡེས་སྡེ་སྲོལ་དམངས་ཆིངས་དག་བཅོས་དང་འཐུས་ཚང་དུ་བཏང་སྟེ།  གྲོང་མིའི་འཐུས་མི་ཚོགས་ཆེན་ཐེངས་མང་བསྡུས་ནས་མང་ཚོགས་ཀྱི་བསམ་འཆར་ཉན་ལེན་བྱས་པ་དང་།  གྲོང་མིའི་འཐུས་མི་ཚོགས་ཆེན་གྱིས་གྲོས་འཆམ་བརྒྱུད་དེ་ཐག་གཅོད་བྱས་པའི་ཚུལ་གྱིས་སྡེ་སྲོལ་དམངས་ཆིངས་གཏན་འབེབས་བྱས་ཏེ།   གྲོང་སྡེའི་དུད་ཚང་ཀུན་དུ་བཏང་བ་དང་མི་སྣ་གཅིག་བསྡུས་བྱེད་སར་བཀྲམ་པ་རེད།


         ཅེ་ཅུས་གྲོང་སྡེའི་སྡེ་སྲོལ་དམངས་ཆིངས་ལ་དོན་ཚན་17ཡོད་པ་དང་དོན་ཚན་ཀུན་གྱི་སྔོན་ནི་གྲོང་མིའི་ཀུན་སྤྱོད་ཚད་གཞི་ཡིན་ལ།   རྗེས་མར་སྡེ་སྲོལ་དམངས་ཆིངས་ལ་འགལ་ན་ཆད་གཅོད་བྱ་ཐབས་ཡིན།   དེའི་ཁྲོད་དུ།   དོན་ཚན་གསུམ་པར་མཱ་ཅང་རྒྱག་པ་སོགས་ཀྱི་རྒྱན་འགྱེད་བྱེད་སྒོ་རྩ་འཛུགས་བྱེད་མི་ཆོག་པ་དང་དེའི་ནང་ཞུགས་ཀྱང་མི་ཆོག་པར་གཏན་འབེབས་བྱས།   དོན་ཚན་བཅུ་པར་བུད་མེད་དང་བྱིས་པ།  མི་རྒན་བཅས་ལ་མནར་གཅོད་བྱེད་མཁན་ལ་ཆད་གཅོད་བྱ་ཐབས་འགོད་ཡོད།   དོན་ཚན་བཅུ་དྲུག་པར་གྲོང་མི་རྣམས་ནན་ཏན་གྱིས་གཉེན་སྒྲིག་རྟེན་འབྲེལ་དང་གཤིན་པོ་དུར་སྐྱེལ།  སྟོན་མོ་བཤམས་ཏེ་སྐུ་མགྲོན་འབོད་པའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་དགོས་པའི་བླང་བྱ་འདོན་ཡོད།     དོན་ཚན་17གྱི་སྡེ་སྲོལ་དམངས་ཆིངས་ཀུན་གྱིས་གོམས་སྲོལ་བསྒྱུར་བ་དང་འབྲེལ་ཡོད་ལ།   གྲོང་མི་རྣམས་ཀྱིས་ཡ་རབས་སྲོལ་བཟང་གི་རྣམ་པར་འཛུགས་པ་དང་།   རྒྱས་སྤྲོས་ཆུད་ཟོས་བཏང་བ་ལ་རྔོ་རྒོལ་བྱེད་དགོས་པའི་བླང་བྱ་བཏོན།
         གྲོང་སྡེ་འདིས་ད་དུང་སྡེ་སྲོལ་དམངས་ཆིངས་ལག་བསྟར་ཨུ་ལྷན་འཛུགས་ཏེ། སྡེ་སྲོལ་དམངས་ཆིངས་ཀྱི་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་དང་།   གྲོང་མིས་སྡེ་སྲོལ་དམངས་ཆིངས་འགལ་ན་ལག་བསྟར་ཨུ་ལྷན་དེར་དངུལ་སྤྲད་དགོས།    གྲོང་མིས་སྡེ་སྲོལ་དམངས་ཆིངས་ནང་གཏན་འབེབས་བྱས་པའི་ཁོར་ཡུག་ལེགས་བཅོས་ཉིན་མོ་དང་ཕན་ཚུན་རོགས་རམ་ཉིན་མོའི་བྱེད་སྒོར་ཞུགས་མེད་ནའང་ལག་བསྟར་ཨུ་ལྷན་ལ་གནས་ཚུལ་གསལ་བཤད་བྱེད་དགོས།   ལག་བསྟར་ཨུ་ལྷན་འདིས་སྡེ་སྲོལ་དམངས་ཆིངས་ནུས་ལྡན་གྱིས་ལག་བསྟར་བྱེད་པ་ལ་རྨང་གཞི་བཏིང་པ་རེད།
         ཕན་ཐེན་སྒང་ཤང་ཅེ་ཅུས་གྲོང་སྡེ་ནི་ཕུའུ་སྨི་རིགས་ཀྱིས་འདུས་སྡོད་བྱེད་པའི་གྲོང་སྡེ་ཞིག་ཡིན་ལ།   དེའི་སྔར།  ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་ཏེ།   མང་ཚོགས་མང་ཆེ་བ་ནི་པང་ལེབ་ཀྱི་ཁང་པ་དང་ཤིང་གི་རུ་ཁང་པ་ནང་སྡོད་ཡོད།   ལོ་ངོ་ལྔ་ཚན་བཅུ་གཉིས་པའི་དུས་རིང་དུ།  གྲོང་སྡེ་དེས་ཡུན་ནན་ཞིང་ཆེན་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་དར་འཕེལ་འཆར་འགོད་ཀྱི་ཅེ་ཅུས་ཕུའུ་སྨི་རིགས་འདུས་སྡོད་གྲོང་སྡེ་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱས་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་།  སྤྱི་ཚོགས་བྱ་གཞག་དར་འཕེལ།  སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་སོགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།
         ཅེ་ཅུས་གྲོང་སྡེའི་ཏང་ཙུང་ཀྲིའི་ཧྲུའུ་ཅི།   གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཀྲིང་ཧྭ་ཡིས་བཤད་དོན།  ཉེ་བའི་ལོ་འགའི་རིང་།  ཅེ་ཅུས་གྲོང་སྡེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་གཙོ་བོར་བྱས་པ་དང་།  གོམས་སྲོལ་བསྒྱུར་བ་དེ་ལས་ཀའི་འཇུག་སྒོར་བྱས་ནས།  ཤང་སྲོལ་དང་དམངས་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེར་བཏང་བ་དང་།   དབུལ་སྐྱོར་འབྲེལ་གཏུག་ལས་ཁུངས་དང་མཉམ་གཏོད་མཉམ་འཛུགས་ལས་ཀ་སྤེལ་བ།   ལས་ཁུངས་དང་གྲོང་གསེབ་མཉམ་སྐྲུན་མཉམ་འཛུགས་ཀྱི་དགེ་མཚན་བཏོན་ཏེ།   རྩ་འཛུགས་དང་དཔང་སྡེ་ལ་ཤུགས་སྣོན་རྒྱབ་པ་དང་དམག་ས་དང་ལམ་སྲོལ་འཛུགས་སྐྲུན་བྱེད་པར་སྐོར་ནས་མཉམ་སྐྲུན་མཉམ་འཛུགས་ལས་ཀ་ལ་སྐུལ་འདེད་བཏང་།   ཁྱད་པར་དུ་ན་ནིང་ནས་བཟུང་འབའ་ལུང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཛེས་བཞི་སྐྲུན་པའི་ལས་ཀ་སྤེལ་བ་དང་ཟུང་འབྲེལ་བྱས་ནས།   འབྲེལ་གཏུག་ལས་ཁུངས་ཀྱིས་ཅེ་ཅུས་གྲོང་སྡེ་ལ་རོགས་རམ་བྱས་ཏེ་ཆེས་མཛེས་པའི་གྲོང་སྡེ་དང་ཆེས་མཛེས་པའི་ཁྱིམ་ཚང་  ཆེས་མཛེས་པའི་མི་སྣ་ཞེས་པའི་ལག་བསྟར་བྱ་ཐབས་གཏན་འབེབས་བྱས་པ་དང་།  མཛེས་བཞིའི་འཛུགས་སྐྲུན་བརྒྱུད་དེ་དར་འཕེལ་ཁོར་ཡུག་ལེགས་སུ་བཅོས་པ་དང་།  ཤང་སྲོལ་དཔལ་ཡོན་ལ་སྐུལ་འདེད་བཏང་བ།  འཆམ་མཐུན་སྤྱི་ཚོགས་ཀྱི་རྣམ་པར་འཛུགས་སྐྲུན་བྱས་པ།   མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་པར་བྱས་པ་རེད།
         ཅེ་ཅུས་གྲོང་སྡེའི་ཏང་ཙུང་ཀྲིའི་ཧྲུའུ་ཅི་གཞོན་པ་ཧོ་ཧྥན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།   ཅེ་ཅུས་གྲོང་སྡེ་ལ་གྲོང་མི་ཚོ་ཆུང་16ཡོད་དེ་རྒྱ་རིགས་དང་བོད་རིགས།  འཇང་རིགས།  ཕུའུ་སྨི་རིགས།  ལི་སུའུ་རིགས་སོགས་ཀྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་ཡོད།   ཉེ་བའི་ལོ་འགའི་རིང་།  གྲོང་སྡེ་དེས་ཕུའུ་སྨི་རིགས་ཀྱི་རིག་གནས་གཙོ་བོར་བྱས་པའི་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱས་པ་དང་སྲོལ་རྒྱུན་དུས་སྟོན་གོ་སྐབས་སུ་བྱས་ནས།  གྲོང་སྡེའི་དངོས་གཞི་དང་འབྲེལ་ཏེ་མང་ཚོགས་ལྟ་ན་འོས་པའི་བྱེད་ཐབས་ཀྱིས་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེལ།  མི་རིགས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་གྲོང་མིའི་དཔལ་ཡོན་བྱང་ཚད་མཐོ་རུ་བཏང་བ།   དེའི་དུས་མཚུངས་སུ་བདེ་ཐང་དཔལ་ཡོན་གྱི་འཚོ་བའི་བྱ་ཐབས་དར་སྤེལ་བྱས་པ་དང་།  མང་ཚོགས་རང་བཞིན་གྱི་གྲོང་གསེབ་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་སྤེལ་ནས་བདེ་ཐང་དཔལ་ཡོན་གྱི་རོལ་རྩེད་བྱ་ཐབས་དང་འཛད་སྤྱོད་བྱེད་སྟངས་དར་སྤེལ་བྱས་པ་རེད།