ཁ་པར་ཉུང་ཙམ་རྩེད་དེ་ཁྱིམ་མི་ལ་སེམས་ཁུར་མང་ཙམ་བྱེད་དགོས།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་།དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆེད་མེད་པར་འཕེལ་རྒྱས་བྱུང་བར་བསྟུན་ནས།ཧ་ལམ་མི་ཚང་མ་ཁ་པར་ཞིག་ཡོད།ད་ལྟར་ཁ་པར་གྱི་ནུས་པ་ཇེ་ལས་མང་བ།མི་ཚང་མ་ལ་སྟབས་བདེ་པོ་བྱུང་ཡོད་མོད།དུས་ཚོད་མང་ཙམ་ཁར་པར་རྩེད་པར་སྤྱད་ན་འཚོ་བ་དང་བདེ་ཐང་དུ་གནོད་སྐྱོན་བྱུང་རྒྱུ་དང་།དུས་རྒྱུན་དུ་ཁ་པར་ཉུང་ཙམ་རྩེད་པ་དང་ཁྱིམ་མི་ལ་སེམས་ཁུར་མང་ཙམ་བྱེད་དགོས།

        ཁ་པར་ཐོག་གློག་བརྙན་ལྟ་ཆོག་པ་དང་གླུ་དབྱངས་ཉན་ཆོག་པ།ཐག་རིང་དུ་ཡོད་པའི་གྲོགས་པོ་དང་སྐད་འཕྲིན་ཐོག་ཁ་གཏད་ནས་ཁ་བརྡ་གློད་ཆོག་སོགས་ནུས་པ་སྣ་མང་སྤྱོད་ཆོག་སྟེ།མི་མང་ཙམ་གྱི་ལུས་པོའི་ཡན་ལག་ཅིག་དང་འདྲ་བར་རང་ལུས་དང་འབྲལ་མེད་ལྟ་བུར་གྱུར་ཡོད་ཅིང་།ན་གཞོན་ཚོའི་འཚོ་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།


        དེང་སྐབས་ཀྱི་ན་གཞོན་ཚོས་ཟ་མ་ཟས་སྐབས་མགོ་སྒུར་ནས་ཁ་པར་རྩེད་པ་དང་འགྲོ་ལམ་དུ་བགྲོས་སྐབས་ཁ་པར་རྩེད་པ།ཉལ་ཁྲིའི་ཐོག་ཉལ་སྐབས་ཁ་པར་རྩེད་པ་སོགས་ཉིན་ཞིག་གི་དུས་ཚོད་མང་ཙམ་ཁ་པར་རྩེད་པར་སྤྱོད་དེ།ཕ་མ་དང་བྱིས་པ་དང་ཁྱིམ་ལས་བྱེད་པ།ཁ་བརྡ་གློད་པ།རྩེད་མོ་རྩེད་པའི་དུས་ཚོད་ཉུང་ཙམ་ཐ་ན་མེད་པར་གྱུར།

        དུས་རྒྱུན་དུ་ལས་ཁུངས་ཀྱི་ལས་ཀར་བྲེལ་བའི་ལས་བྱེད་མི་སྣ་ཚོ་ལ་བཤད་ན།ངལ་གསོ་བྱེད་པའི་གཟའ་མཇུག་དང་ལས་ཁུངས་གྲོལ་བའི་དུས་ཚོད་དུ།ཕ་མ་དང་ཁྱིམ་ལས་བྱེད་རོགས་བྱེད་པ་དང་བྱིས་པའི་སློབ་ཚན་ལ་ཟུར་ཁྲིད་བྱེད་པ།ཕ་མ་དང་བྱིས་པ་ཁྲིད་དེ་གྲོང་ཁྱེར་ཕྱི་རོལ་གྱི་རྩྭ་ཐང་སོགས་ཀྱི་མཛེས་ལྗོངས་སུ་སྤྲོ་གསེང་གཏོང་བ་དང་རྩེད་མོ་རྩེད་ན་ཕ་མ་དང་བྱིས་པ་ཚོས་དགའ་བ་མ་ཟད།རང་གི་ལུས་པོ་ལ་ཕན་ནུས་ཆེན་མོ་ཡོད་པ་རེད།


        ཕ་མའི་ལོ་ན་ཇེ་མཐོར་འགྲོ་བས་ཁྱིམ་མི་དང་མཉམ་དུ་སྡོད་པའི་དུས་ཚོད་ཇེ་ཉུང་དུ་སོང་།ཁོ་ཚོས་བྱིས་པ་ཚོའི་ཁ་བརྡ་ཉན་དགའ་བ་དང་བྱིས་པ་ཚོའི་འཚོ་བར་རྒྱུས་ལོན་མང་ཙམ་བྱེད་པའི་རེ་བ་ཡོད།ན་གཞོན་ཚོས་དུས་རྒྱུན་དུ་ཁྱིམ་དུ་ལོག་སྐབས་མགོ་སྒུར་ནས་ཁ་པར་རྩེད་ན།ཕ་མས་ཅི་ཞིག་བཤད་མོད་སེམས་ནང་སྐྱོ་པོ་བྱུང་རྒྱུ་རེད།ངལ་གསོ་བྱེད་སྐབས།ཕ་མ་དང་ཁ་བརྡ་མང་ཙམ་གློད་དེ་ཕ་མའི་དགོས་མཁོ་རྒྱུས་ལོན་བྱེད་པ།ཕ་མ་དང་ཁྱིམ་ལས་མཉམ་པོ་བྱས་ནས་ཕ་མ་ལ་དགའ་པོ་འཇུག་དགོས།


        ཕ་མ་ནི་བྱིས་པའི་དགེ་རྒན་ཡག་ཤོས་རེད།བྱིས་པ་དང་མཉམ་སྡོད་བྱེད་པའི་སྐབས་སུ་ཕ་མས་བྱིས་པའི་སློབ་སྦྱོང་དང་འཚར་ལོངས།དགོས་མཁོ་སོགས་ལ་དོ་སྣང་མི་བྱེད་དེ་མགོ་སྒུར་ནས་ཁ་པར་རྩེད་ན།བྱིས་པའི་བདེ་ཐང་ངང་འཚར་ལོངས་ལ་ཕན་ནུས་མེད།ད་ལྟར་བྱིས་པ་ཚོའི་སློབ་གྲྭ་ནང་གི་སློབ་ཚན་མང་བ་དང་སློབ་གྲྭ་གྲོལ་ཞིང་ཁྱིམ་དུ་ལོག་སྐབས་ཁྱིམ་སྦྱོང་གི་ལས་འགན་མང་ཙམ་ཡོད་པས།ཕ་མས་དུས་རྒྱུད་དུ་བྱིས་པ་དང་ཁ་བརྡ་མང་ཙམ་གློད་དེ་བྱིས་པའི་དགོས་མཁོ་ལ་སེམས་ཁུར་བྱེད་པ་དང་།བྱིས་པའི་འཚར་ལོངས་དང་ཕན་ནུས་ཡོད་པའི་བདེ་ཐང་གི་བཟའ་བཏུང་གྲ་སྒྲིག་བྱེད་པ།སློབ་ཚན་ལ་ཟུར་ཁྲིད་བྱེད་པ།གཟའ་འཇུག་ཏུ་གྲོང་ཁྱེར་ཕྱི་རོལ་དུ་ཁྲིད་དེ་སེམས་ལྷོད་དུ་འཇོག་དགོས།


        ལོ་ན་མཐོ་བའི་ཕ་མ་དང་བྱིས་པ་ནི་སེམས་འཁུར་དགོས་པའི་མི་ཚོ་ཞིག་ཡིན།མི་རང་བཤད་ན་ཕ་མ་དང་བྱིས་པ་ནི་མི་ཚེ་ནང་རྩ་ཆེ་བའི་ནོར་བུ་རེད།དུས་རྒྱུན་དུ་ཁ་པར་རྩེད་ཐེངས་ཉུང་ཙམ་གཏོང་བ་དང་།ཁོ་ཚོ་ལ་སེམས་ཁུར་མང་ཙམ་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས།